འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ནན་ཁུན་འགྲུལ་སྐྱེལ་ཆེད་སྤྱོད་ལམ་ཐིག་ནན་ཉིང་ནས་པའེ་སེ་བར་གྱི་ལམ་ཤར་གཏོང་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་14ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། པའེ་སེ་འོས་ལངས་བྱུང་ནས་ལོ་86འཁོར་བའི་དྲན་གསོའི་ཉིན་མོར་གསར་བརྗེའི་གནས་རྙིང་ཁུལ་གྱི་མི་དམངས་ཀྱིས་རེ་སྒུག་ཆེན་པོ་བྱེད་པའི་མྱུར་བགྲོད་ལྕགས་ལམ་སྟེ། ནན་ཉིང་ནས་ཁུན་མིང་བར་གྱི་འགྲུལ་སྐྱེལ་ཆེད་སྤྱོད་ལམ་ཐིག་གི་ནན་ཉིང་ནས་པའེ་སེ་བར་གྱི་མེ་འཁོར་ཚེས་11ཉིན་དངོས་སུ་ཤར་གཏོང་ཐུབ་པ་དེ་ཐོག་ནས་ཀོང་ཤིས“པེ་ཐུང་དང་། ནན་ཏ། ཏུང་ཅིང་། ཤིས་ལན”བཅས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་དྲ་བའི་རྣམ་པ་གསར་པ་ཞིག་རགས་ཙམ་ཆགས་པ་མཚོན་ཐུབ།
         ནན་ཉིང་ནས་ཁུན་མིང་བར་གྱི་འགྲུལ་སྐྱེལ་ཆེད་སྤྱོད་ལམ་ཐིག་ནི་རྒྱལ་ཁབ་ཀྱི་《དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་འཆར་འགོད་》ཀྱི་ལྕགས་ལམ་ཨ་མའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དང་། ཀོང་ཤིས་དང་ཡུན་ནན་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དབར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མ་དེ་ཡིན་ལ། ལྷོ་ནུབ་ས་ཁུལ་དབུལ་པོ་དང་སྦྲེལ་མཐུད་བྱེད་པའི་ལྕགས་ལམ་ཨ་མ་གསར་པའང་ཡིན། ལམ་ཐིག་དེ་ཤར་ཀོང་ཤིས་ནན་ཉིང་ནས་འགོ་ཚུགས་ཏེ་ནུབ་ཡུན་ནན་གྱི་ཁུན་མིང་བར་ཡིན་པར་ལམ་ཐིག་གཙོ་བོའི་སྤྱིའི་རིང་ཚད་ལ་སྤྱི་ལེ་710ཟིན་ཡོད། 2009ལོའི་ཟླ་བཅུ་གཉིས་པར་ལས་འགོ་བཙུགས་པ་དང་2016ལོའི་ལོ་མཇུག་ཏུ་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་བཟོ་ཡོད་པ་རེད།
         ནན་ཉིང་ནས་ཁུན་མིང་བར་གྱི་འགྲུལ་སྐྱེལ་ཆེད་སྤྱོད་ལམ་ཐིག་གི་ནན་ཉིང་ནས་པའེ་སེ་བར་གྱི་ལམ་དེ་ཤར་ཀོང་ཤིས་ཀྱི་ལྟེ་བའི་གྲོང་ཁྱེར་ནན་ཉིང་ནས་ནུབ་གསར་བརྗེའི་གནས་རྙིང་ཁུལ་པའེ་སེ་བར་ཡིན་པར་ཁྱོན་ལམ་ཐག་སྤྱི་ལེ་223ཟིན་པ་ནི། ཀོང་ཤིས་ནུབ་རྒྱུད་ཀྱི་མྱུར་བགྲོད་ལྕགས་ལམ་ཐོག་མ་དེ་ཡིན་ཞིང་། ནན་ཉིང་བབས་ཚུགས་དང་། ནན་ཉིང་ནུབ་ཚུགས། ལུང་ཨན་ཤར་ཚུགས། ཕིང་གོ་བབས་ཚུགས། ཐན་ཏུང་བྱང་ཚུགས། ཐན་དབྱང་བབས་ཚུགས། པའེ་སེ་བབས་ཚུགས་བཅས་མྱུར་བགྲོད་ལྕགས་ལམ་གྱི་བབས་ཚུགས་7བཙུགས་ཡོད་པ་དང་། བབས་ཚུགས་དབར་གྱི་ཆ་སྙོམས་རིང་ཚད་སྤྱི་ལེ་37ཙམ་ཡིན་པ་དང་དེ་ནི་མིག་སྔར་ལྷོ་ནུབ་ས་ཁུལ་གྱི་འགྲུལ་སྐྱེལ་བབས་ཚུགས་སོ་སོའི་དབར་བར་ཐག་ཐུང་ཤོས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཅིག་རེད། ལམ་ཐིག་གི་ཐོག་མའི་འགྲུལ་བཞུད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་200ཡིན་པ་དང་ཤར་གཏོང་ཐུབ་རྗེས་ནན་ཉིང་དང་པའེ་སེ་བར་གྱི་མེ་འཁོར་གྱི་འགྲུལ་བཞུད་དུས་ཚོད་དེ་ཐོག་མའི་ཆུ་ཚོད་གསུམ་ལྷག་ཙམ་ནས་ཆུ་ཚོད་གཅིག་དང་སྐར་མ་ལྔ་བཅུ་ཙམ་བར་ཐུང་དུ་འགྲོ་རྒྱུ་རེད། ཕྱི་ལོའི་ལོ་སྟོད་དུ་མེ་འཁོར་གསར་པའི་འགྲུལ་བཞུད་བཀོད་སྒྲིག་བཞིན་ལག་ལེན་བསྟར་རྗེས་ད་དུང་པའེ་སེ་ནས་ཀོང་ཀྲོའུ་སོགས་ས་གནས་ཀྱི་ཤུགས་འགྲེམས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ནན་ཉིང་ནས་ཁུན་མིང་བར་གྱི་འགྲུལ་སྐྱེལ་ཆེད་སྤྱོད་ལམ་ཐིག་གི་ནན་ཉིང་ནས་པའེ་སེ་བར་གྱི་ལམ་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་བྱེད་འགོ་ཚུགས་རྗེས་ཀོང་ཤིས་ས་ཁོངས་ནང་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་7དང་མྱུར་བགྲོད་ལྕགས་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་1812ཟིན་ནས་ཤུགས་འགྲེམས་མེ་འཁོར་ས་ཁུལ་རིམ་པའི་གྲོང་ཁྱེར་14ཡི་ཁྲོད་ནས་གྲོང་ཁྱེར་11ལ་ཤར་གཏོང་ཐུབ་སྟེ། ཕྱོགས་བཞི་མཚམས་བརྒྱད་ནས་ཤར་གཏོང་ཐུབ་པའི་མྱུར་བགྲོད་ལྕགས་ལམ་དྲ་བའི་རྣམ་པ་གསར་པ་ཞིག་རགས་ཙམ་ཆགས་རྒྱུ་ཡིན་པ་སྟེ། ནན་ཉིང་གྲོང་ཁྱེར་ལྟེ་བར་བྱས་པའི་བྱང་ནས་ལིའུ་ནན་དང་ཧོང་ལིའུ་ཡི་མྱུར་བགྲོད་ལྕགས་ལམ་བརྒྱུད་ཅིང་ཀོང་ལམ་ཐིག་དང་འབྲེལ་ནས་ཐད་ཀར་རྒྱལ་ས་པེ་ཅིང་དུ་ཤར་གཏོང་ཐུབ་པ་དང་། ལྷོ་ནས་མཚོ་འགྲམ་གྲོང་ཁྱེར་དབར་གྱི་མྱུར་བགྲོད་ལྕགས་ལམ་བརྒྱུད་ཐད་ཀར་བྱང་རྒྱུད་མཚོ་ཁུག་ཏུ་ཤར་གཏོང་ཐུབ་པ། ཤར་ནས་ནན་ཀོང་མྱུར་བགྲོད་ལྕགས་ལམ་བརྒྱུད་རང་རྒྱལ་གྱི་ཀྲུའུ་ཅང་ཟུར་གསུམ་གླིང་དུ་སྐྱོད་ཆོག་པ། ནུབ་ནས་ནན་ཁུན་འགྲུལ་སྐྱེལ་ཆེད་སྤྱོད་ལམ་ཐིག་བརྒྱུད་པའེ་སེ་རུ་ཤར་གཏོང་ཐུབ་པ་དང་ཕྱི་ལོའི་ལོ་མཇུག་ཏུ་ཐད་ཀར་ཁུན་མིང་དུ་ཤར་གཏོང་ཐུབ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།