འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།“རྒྱ་མཚོ་ཆེན་པོ་དང་པོ”རྟགས་ཅན་གྲུ་གཟིངས་ཀྱིས་ཀྲུང་གོ་རྒྱ་མཚོ་ཆེན་པོའི་
    ཚན་ཞིབ་གྲུ་ཐེངས་སོ་དགུ་པའི་ལས་འགན་སྒྲུབ་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་14ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་12ཉིན“རྒྱ་མཚོ་ཆེན་པོ་དང་པོ”རྟགས་ཅན་གྱི་གྲུ་གཟིངས་དེ་ཆིང་ཏའོ་ནས་ཆས་ཏེ་ཀྲུང་གོ་རྒྱ་མཚོ་ཆེན་པོའི་ཚན་རིག་ཞིབ་འཇུག་ཐེངས་སོ་དགུ་པའི་ལས་འགན་སྒྲུབ་ཀྱི་ཡོད་པ་རེད། ཐེངས་འདིའི་བརྟག་ཞིབ་བྱེད་ཁོངས་ནི་ལྷོ་ནུབ་ཧིན་རྡུ་རྒྱ་མཚོ་ཆེན་པོའི་རང་རྒྱལ་གྱི་ལྕགས་རིགས་སྣ་མང་མུ་ཟི་འགྱུར་རྫས་རྩད་གཅོད་གན་རྒྱ་ཁུལ་དུ་ཡོད་པས། བརྟག་ཞིབ་བྱེད་སྐབས་མོ་རི་ཐིའུ་སིའི་ལོ་དབྱི་སི་གྲུ་ཁར་ཐེངས་བཞི་སྡོད་རྒྱུ་ཡིན་པ་རེད། ཐེངས་འདིའི་ཚན་ཞིབ་ཁྲོད་ལྕགས་རིགས་སྣ་མང་མུ་ཟི་འགྱུར་རྫས་རྩད་གཅོད་དང་། ཁོར་ཡུག་གཞི་ཐིག སྐྱེ་དངོས་སྣ་མང་རང་བཞིན། རྒྱ་མཚོའི་གཏིང་རིམ་གྱི་ཕུང་གསོག་ཐེབས་དངོས་ཁྲོད་ཀྱི་ཞི་ཐུའུ་ཐོན་ཁུངས་བཅས་ལ་བརྟག་ཞིབ་བྱེད་རྒྱུ་ཡིན་པ་རེད།
         ཀྲུང་གོ་རྒྱ་མཚོ་ཆེན་པོའི་གྲུ་ཐེངས་སོ་དགུ་པའི་དབུ་བཞུགས་ཚན་རིག་མཁས་ཅན་ལི་ཧུའེ་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་དང་རྒྱལ་སྤྱི་མཚོ་མཐིལ་དོ་དམ་ཅུས་ཀྱིས་བཞག་པའི་ལྕགས་རིགས་སྣ་མང་མུ་ཟི་འགྱུར་རྫས་རྩད་གཅོད་གན་རྒྱ་ལྟར་ན། ཐེངས་འདིའི་གོང་གི་གྲུ་ལམ་དུམ་བུ་གོང་མ་བཞིའི་ལས་འགན་གཙོ་བོ་ནི“ལྷོ་ནུབ་ཧིན་རྡུ་རྒྱ་མཚོ་ཆེན་པོའི་ལྕགས་རིགས་སྣ་མང་མུ་ཟི་འགྱུར་རྫས་རྩད་གཅོད་གན་རྒྱ”ལག་བསྟར་ཧུར་ཐག་བྱས་ནས། གན་རྒྱའི་ཁུལ་གྱི་ལྕགས་རིགས་སྣ་མང་མུ་ཟི་འགྱུར་རྫས་རྩད་གཅོད་ལས་འགན་སྒྲུབ་ཞོར་ཁོར་ཡུག་གཞི་ཐིག་དང་སྐྱེ་དངོས་སྣ་མང་རང་བཞིན་སོགས་ཐད་ཀྱི་བརྟག་ཞིབ་ཀྱང་བྱེད་རྒྱུ་ཡིན་པ་རེད། གྲུ་ལམ་དུམ་བུ་ལྔ་པའི་ལས་འགན་ནི་དབུས་ཧིན་རྡུ་རྒྱ་མཚོ་ཆེན་པོའི་མཚོ་གཞོང་ཁུལ་དུ་ཞི་ཐུའུ་ཐོན་ཁུངས་བརྟག་ཞིབ་བྱེད་པ་དང་ཆབས་ཅིག རྒྱ་མཚོ་ཆེན་པོའི་ཕུང་གསོག་ཐེབས་དངོས་དང་སྣོད་བཅུད་ཁོར་ཡུག་ཐད་ཀྱི་བརྟག་ཞིབ་ལས་དོན་ཡང་སྤེལ་རྒྱུ་དེ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱིས་ལག་བསྟར་བྱས་པའི“ལྷོ་ནུབ་ཧིན་རྡུ་རྒྱ་མཚོ་ཆེན་པོའི་ལྕགས་རིགས་སྣ་མང་མུ་ཟི་འགྱུར་རྫས་རྩད་གཅོད་གན་རྒྱ”དེ་འགག་སྒྲོལ་དཀའ་སེལ་གྱི་དུས་མཚམས་བར་མར་སླེབས་ཤིང་། ཐེངས་དེར་འཆར་ཅན་ལྕགས་རིགས་སྣ་མང་མུ་ཟི་འགྱུར་རྫས་ཐོན་ཁུངས་རྩད་གཅོད་དང་མཐོ་གསར་ལག་རྩལ་བྱེད་ཐབས་གཉིས་ཟུང་འབྲེལ་དམ་ཟབ་བྱེད་གྲབས་ཀྱི་ཁྱད་ཆོས་ལྡན་ཡོད། ཐེངས་འདིས་གན་རྒྱའི་ཁུལ་གྱི་ཁུལ་ཆུང་བཅུ་དགུ་སྟེ་སྤྱི་ལེ་ངོས་གྲུ་1900ལྷག་ཙམ་གྱི་མཚོ་ཁོངས་སུ་ལས་གྲྭ་ཅན་གྱི་ཕྱོགས་བསྡུས་རྒྱུན་འགལ་འདྲུད་འཐེན་འཚོལ་ཞིབ་ཐིག་ལེན་བརྟག་ཞིབ་དང་ས་གཤིས་དཔེ་ལེན་བྱས་ནས་གཏེར་འགྱུར་རྒྱུན་འགལ་ཁུལ་འཚོལ་ཞིབ་བྱེད་རྒྱུ་ཡིན་པ་དང་། དེ་དང་ཆབས་ཅིག ཐེངས་འདིའི་ཁྲོད་ཀྲུང་གོས་རང་བརྟེན་ཞིབ་གཏོད་བྱས་པའི་བྲག་རྡོ་གསོར་འབིགས་འཕྲུལ་འཁོར་དང་གློག་རྒྱུན་བརྟག་ཞིབ་སྒྲིག་བཀོད་ལ་བརྟེན་ནས་ལྕགས་རིགས་སྣ་མང་མུ་ཟི་འགྱུར་རྫས་ཀྱི་ཁྱབ་ཁོངས་གནད་འཁེལ་འཚོལ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག མུ་ཟི་འགྱུར་རྫས་དཔེ་མཚོན་རྒྱུན་འགལ་ཁུལ་དུ་བྲག་རྡོ་གསོར་འབིགས་འཕྲུལ་འཁོར་གྱི་དཔེ་ལེན་སོགས་སའི་གོ་ལའི་དངོས་ལུགས་ཕྱོགས་བསྡུས་བརྟག་ཞིབ་བྱས་ཏེ་དུས་མཚམས་རྗེས་མའི་གན་རྒྱའི་ཁུལ་བརྟག་ཞིབ་བྱེད་རྒྱུར་ལག་རྩལ་གྲ་སྒྲིག་བྱེད་རྒྱུ་ཡིན་པ་རེད། གཞན་ཡང་གན་རྒྱའི་ཁུལ་དུ་རྒྱལ་སྤྱི་མཚོ་མཐིལ་དོ་དམ་ཅུས་ཀྱིས་བླང་བྱ་བཏོན་པའི་ཁོར་ཡུག་གཞི་ཐིག་དང་སྐྱེ་དངོས་སྣ་མང་རང་བཞིན་ཐད་ཀྱི་བརྟག་ཞིབ་མུ་མཐུད་བྱས་ནས་སྐྱེ་དངོས་ཀྱི་གཞི་རྒྱུའི་དངོས་དཔེ་ཐོབ་པ་བྱེད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།