འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་ཀྱི་འཚོ་བ་ནི་གློག་བརྙན་གྱི་ནོར་མཛོད་ལྟ་བུ་ཡིན།

    —— བོད་རིགས་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལ་ཆེད་དོན་བཅར་འདྲི་ཞུས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་10ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོའི་ཟླ་9པར་ཝེ་ཉི་སི་གློག་བརྙན་དུས་ཆེན་གྱི་སའི་སྙོམས་ཐིག་ཚན་པའི་གོ་ལ་ཧྲིལ་པོར་ཐོག་མར་བསྟན་པའི་བོད་སྐད་ཀྱི་གློག་བརྙན་《ཐར་ལོ་》ཞེས་པ་ཉེ་ཆར་པེ་ཅིང་དང་། ཧྲེན་ཀྲེན། ཀོང་ཀྲོའུ་བཅས་ས་ཆ་གསུམ་དུ་བསྟན་པ་དང་། གློག་བརྙན་དེའི་ནང་ལུག་རྫི་ཐར་ལོའི་གློ་བུར་དུ་བྱུང་ལ་མི་ཚེ་མཐའ་སྐྱེལ་མ་བྱུང་བའི་བརྩེ་དུང་སྐོར་མཚོན་ཞིང་། འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱིས་བོད་རིགས་ཀྱི་བསམ་པའི་ཡུལ་ཁམས་ལ་དོ་ཁུར་བྱེད་པའི་གློག་བརྙན་གྱི་བརྗོད་བྱ་གཙོ་བོ་མུ་མཐུད་མཚོན་པ་བྱས་ཡོད།
         “བོད་རིགས་ཀྱི་འཚོ་བ་ནི་གློག་བརྙན་གྱི་ནོར་མཛོད་ལྟ་བུ་ཡིན”ཞེས་བོད་རིགས་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱིས་ཉེ་ཆར་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་ཞུ་སྐབས། བོད་རིགས་ཀྱི་ཕ་སྐད་གློག་བརྙན་གསར་གཏོད་པ་ཞེས་བརྗོད་པའི་འཁྲབ་ཁྲིད་པ་ཁོང་གིས་ཁྱོན་ཡོངས་ཀྱི་ཉམས་འགྱུར་གཅིག་གྱུར་ཡོང་བའི་རྨང་གཞིའི་ཐོག རང་ཉིད་ཀྱི་གློག་བརྙན་ལ་སྒྱུ་རྩལ་ཐད་འཚོལ་ཞིབ་ཟམ་མི་ཆད་པར་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
         《ཐར་ལོ་》ཞེས་པ་ནི་པད་མ་ཚེ་བརྟན་གྱི་བོད་སྐད་གློག་བརྙན་ཨང་ལྔ་པ་དེ་ཡིན་པ་དང་ཁོང་རང་ཉིད་ཀྱི་བརྩམས་སྒྲུང་ཐུང་གྲས་བཟོ་བཅོས་བྱས་པ་ཞིག་རེད། གློག་བརྙན་དེ་མཚོ་སྔོན་ཞིང་ཆེན་ཁྲི་ཀ་སོགས་སུ་པར་བླངས་པ་དང་ལུག་རྫི་ཞིག་གྲོང་ཁྱེར་དུ་གྲོང་མིའི་ཐོབ་ཐང་ལག་འཁྱེར་གཉེར་བར་འགྲོ་བའི་ལམ་བར། སྙིང་ནས་བརྩེ་བའི་བུ་མོ་ཞིག་དང་འཕྲད་ནས་ནང་སེམས་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་སྐོར་མཚོན་ཡོད།
         གློག་བརྙན་དེ་གོ་ལ་ཧྲིལ་པོར་ཐེངས་དང་པོ་བསྟན་རྗེས་ཕུའུ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་། དབུན་ཀེ་ཧྭ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན། ཨོ་སི་ཁྲུ་ལི་ཡའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་གློག་བརྙན་བྱ་དགའ་ཆེན་པོ་བཅས་ནང་གཅིག་རྗེས་གཉིས་མཐུད་ངང་ཚུད་པ་དང་འབྲེལ། འདི་ལོའི་ཐའེ་དབན་གསེར་རྟ་བྱ་དགའི་འཁྲབ་གཞུང་ནང་དོན་ཡག་ཤོས་དང་། འཁྲབ་ཁྲིད་པ་ཡག་ཤོས། འཁྲབ་གཞུང་བཟོ་བཅོས་ཡག་ཤོས། པར་ལེན་ཡག་ཤོས་བཅས་བྱ་དགའ་ཁག་བཞིར་མིང་བཏོན་བྱས་པ་རེད།
         དེ་གོང་པད་མ་ཚེ་བརྟན་ལ་མཚན་སྙན་ཐོབ་པའི“ཕ་ཡུལ་གྱི་གཏམ་རྒྱུད་ཁག་གསུམ”ནང་རྩ་བའི་ཆ་ནས་བོད་རིགས་ཀྱི་མང་ཚོགས་དཀྱུས་མ་འཁྲབ་སྟོན་པར་བདམས་པ་དང་། ད་ཐེངས་པར་བླངས་པའི་《ཐར་ལོ་》ཞེས་པའི་ནང་འཁྲབ་ཁྲིད་པས་བོད་དུ་མིང་གྲགས་ཆེ་བའི་དགོད་བྲོའི་ཟློས་གར་འཁྲབ་སྟོན་པ་ཞི་བདེ་ཉི་མས་ཐར་ལོ་འཁྲབ་པ་དང་ལོ་རབས་དགུ་བཅུ་པའི་རྗེས་སུ་སྐྱེས་པའི་བོད་རིགས་ན་གཞོན་འཁྲབ་སྟོན་པ་གཡང་ཕྱུག་མཚོ་ཡིས་བུད་མེད་མི་སྣ་གཙོ་བོ་གཡང་མཚོ་འཁྲབ་པར་བདམས་པ་རེད།
         ལོ་46ལ་སླེབས་པའི་པད་མ་ཚེ་བརྟན་གྱིས་ལོ་20ལྷག་ཙམ་ནས་རྩོམ་རིག་བརྩམས་ཆོས་འབྲི་འགོ་བཙུགས་པ་དང་རྗེས་སུ་པེ་ཅིང་གློག་བརྙན་སློབ་གླིང་དུ་གློག་བརྙན་སློབ་སྦྱོང་བྱས་པ་རེད། 2005ལོར་ཁོང་གི་འཁྲབ་གཞུང་རིང་གྲས་དང་པོ་《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་》ཞེས་པར་ཀྲུང་གོའི་གློག་བརྙན་གྱི་གསེར་བྱའི་བྱ་དགའི་འཁྲབ་འཁྲིད་པ་ཐོག་མའི་བརྩམས་ཆོས་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།
         “ངའི་དེ་སྔའི་གློག་བརྙན་དེ་དག་ཕ་ཡུལ་གྱི་པར་ལེན་ཁུལ་དུ་སྐོར་སྐྱོད་ངང་བསྟན་པར་བོད་རིགས་མི་སེར་གྱིས་རང་ཉིད་ཀྱི་རྒྱུས་མངའ་ཡོད་པའི་འཚོ་བ་དང་མི་སྣ་དེ་བཞིན་རྒྱུས་མངའ་ཡོད་པའི་ཕ་སྐད་ཐོས་སྐབས་ལ་ལས་ཧ་ཅང་དགའ་པོ་བྱེད་ལ། ཡང་ལ་ལར་ཧའོ་ལའེ་ཨུའམ་ཡང་ན་ཤང་ཀང་གི་གློག་བརྙན་ལྟར་གྱི་སྒྲུང་གི་བྱུང་རིམ་ངོ་མཚར་ཆེན་པོ་མེད་པའི་ཚོར་སྣང་ཡོང་གི་ཡོད”ཅེས་བཤད། པད་མ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི“ཕ་ཡུལ་གྱི་གཏམ་རྒྱུད་ཁག་གསུམ”སྟེ་《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་》དང་། 《འཚོལ》 《ཁྱི་རྒན་》བཅས་ལ་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་བྱ་དགའ་ཁག་20ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་ཐོབ་པ་དང་། “ཕ་ཡུལ་གྱི་གཏམ་རྒྱུད་ཁག་གསུམ”གྱི་པར་ལེན་མཁན་ཟོན་ཐར་རྒྱལ་གྱིས་ཀྱང་རང་ཉིད་ཀྱི་འཇོན་ཐང་འདོན་འགོ་ཚུགས་ཤིང་། ཁོང་གིས་གསར་རྩོམ་དང་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཉིས་པ་《གཙང་པོ་》ཞེས་པ་འདི་ལོའི་པེར་ལིན་གློག་བརྙན་དུས་ཆེན་ནང་ཚུད་པ་རེད།
         ཀྲུང་གོའི་གློག་བརྙན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐད་བོད་འདི་ཉིད་བརྗོད་བྱར་བྱས་པའི་གློག་བརྙན་ལེགས་གྲས་མང་པོ་ཐོན་མྱོང་ཞིང་། ཞེ་ཧྥེ་དང་ཧྥུང་ཞའོ་ཉིང་། དབྱིན་ལིས་སོགས་རྒྱལ་ནང་གི་གྲགས་ཅན་འཁྲབ་ཁྲིད་པ་ཚོས་བོད་འདི་ཉིད་བརྗོད་བྱར་བྱས་པའི་གློག་བརྙན་འཁྲབ་ཁྲིད་བྱེད་མྱོང་ཡོད། ད་ཕན་ལོ་ཤས་རིང་《ཁུ་ཁུ་ཤིས་རི་》དང་《ཆུ་སྤྲིན་གླུ་དབྱངས》 《གངས་ལྷ་མེ་ཏོག》《རི་སྐོར》སོགས་གློག་བརྙན་ཚང་མར་གྲུབ་འབྲས་དང་དོ་ཁུར་མི་དམན་པ་ཐོབ་ཡོད། བོད་རིགས་ཀྱི་གློག་བརྙན་གཙང་གཙང་ཡིན་པའི་《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་》ཐོན་རྗེས་བོད་སྐད་གློག་བརྙན་ཡང་རིམ་གྱིས་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། པད་མ་ཚེ་བརྟན་དང་ཟོན་ཐར་རྒྱལ་དང་དེ་བཞིན་བོད་རིགས་འཁྲབ་ཁྲིད་པ་མཆོག་མེད་རིན་པོ་ཆེའི་གློག་བརྙན་བརྩམས་ཆོས་བཅས་ཚང་མར་བོད་རིགས་རང་ངོས་ཀྱི་ལྟ་སྟངས་ཐོག་ནས་ཁས་ལེན་དང་གདེང་འཇོག་བཟང་པོ་ཐོབ་པ་དང་། བོད་འདི་ཉིད་བརྗོད་བྱར་བྱས་པའི་གློག་བརྙན་ཐད་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་དོ་ཁུར་བྱེད་ཚད་ཇེ་ཆེར་སོང་ཡོད།
         པད་མ་ཚེ་བརྟན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཝེ་ཉི་སི་གློག་བརྙན་འགྲེམས་སྟོན་ཐོག་བདམས་པའི་བོད་རིགས་བརྗོད་བྱར་བྱས་པའི་གློག་བརྙན་ཁ་ཤས་ཡོད་པ་རེད། “ད་ཆ་རྒྱལ་སྤྱིའི་ཐོག་བོད་རིགས་ས་ཁུལ་བརྗོད་བྱ་གཙོ་བོར་བྱས་པའི་གནས་ཚུལ་དངོས་མཚོན་པའི་གློག་བརྙན་དང་གློག་བརྙན་གཞན་དག་ཧ་ཅང་མང་པོ་ཡོད་པས། ཁས་ལེན་ཐོབ་དགོས་ཚེ་གློག་བརྙན་གྱི་ནང་དོན་ལ་དོ་སྣང་ཆེན་པོ་བྱེད་དགོས་ཀྱི་ཡོད”ཅེས་པད་མ་ཚེ་བརྟན་གྱིས་བཤད་པ་དང་། གློག་བརྙན་ཁྲོམ་ར་དང་། མ་འཇོག་ཁོར་ཡུག འགྲེམས་སྤེལ་མ་ལག་བཅས་ཀྱིས་རྐྱེན་པས་བོད་རིགས་འཁྲབ་ཁྲིད་པ་ཚོས་པེ་ཅིང་སོགས་ས་ཆར་ཐོན་ཁུངས་བཙལ་ནས་ནོར་མཛོད་སྔར་བས་སྔོག་འདོན་བྱེད་དགོས་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།