འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་བཞི་པ་ཅང་སུའུ་ཝུའུ་ཞིས་སུ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་26ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་24ཉིན་འཛམ་གླིང་ནང་བསྟན་ཆོས་གླེང་སྟེགས་སྐབས་བཞི་པ་ཅང་སུའུ་ཝུའུ་ཞིས་སུ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་བཏང་གནང་ནས། གླེང་སྟེགས་ལ་ཞུགས་མཁན་རྒྱལ་ཁབ་ཕྱི་ནང་གི་བླ་མ་སྐྱེས་ཆེན་དང་ལས་རིགས་ཁག་གི་གྲོགས་པོ་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།
         ཡུས་ཀྲེང་ཧྲེང་གི་རྟེན་འབྲེལ་འཕྲིན་ཡིག་ནང་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་ནི་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད་ལ། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་རེད། ཤེས་དཔལ་ནི་ཕན་ཚུན་མཐུན་སྦྱོར་དང་ཕན་ཚུན་སྤེལ་རེས་བྱེད་པའི་དབང་གིས་རྣམ་པར་བཀྲ་བ་ཞིག་ཏུ་གྱུར་པ་དང་། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་དབང་གིས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། མིའི་རིགས་ཀྱི་ལོ་རྒྱུས་ཐོག་ནང་བསྟན་གྱིས་རིག་གནས་མི་འདྲ་བའི་དབར་སྤེལ་རེས་དང་མཉམ་འདྲེས་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་གྲུབ་འབྲས་ཐོབ་པའི་དཔེ་སྟོན་ཞིག་བཏོད་དེ་རྒྱལ་ཁབ་ཁག་གི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་གལ་ཆེའི་སྦྲེལ་ཟམ་ཞིག་བསྐྲུན་ཡོད་ཅེས་གསུངས་ཡོད།
         ཡུས་ཀྲེང་ཧྲེང་གིས་འཕྲིན་ཡིག་ནང་དུས་ཡུན་རིང་པོའི་ནང་། ཀྲུང་གོའི་ནང་བསྟན་ལས་རིགས་ཀྱིས་《མི་ཡུལ་གྱི་ནང་བསྟན་》དགོངས་པ་དར་སྤེལ་དང་ལག་ལེན་བསྟར་ནས་ཀྲུང་གོའི་སྤྱི་ཚོགས་ཞི་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པ་དང་། ཀྲུང་ཕྱིའི་མཛའ་གྲོགས་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། མིག་སྔར། རྒྱལ་སྤྱིའི་ནང་བསྟན་ལས་རིགས་ཀྱི་ནང་བསྟན་གྱི་གནས་ལུགས་གསར་འགྲེལ་དང་། ནང་བསྟན་སྤྱི་ཚོགས་ཀྱི་འགན་འཁྲིའི་ལག་ལེན་གསར་པ་སོགས་ཐད་མདུན་ལམ་ཆེན་པོ་ཡོད་པ་རེད། སྐབས་འདིའི་གླེང་སྟེགས་ཐོག“མཉམ་བསམ་མཉམ་སྐྱོད། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ” ཞེས་པ་བརྗོད་བྱ་གཙོ་བོར་བྱས་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཐད་ཐུན་མོང་ཐོག་ཤུགས་རྒྱག་རྒྱུའི་ནང་བསྟན་ལས་རིགས་ཀྱི་འདུན་པ་བཟང་པོ་དང་ཐུགས་ཁུར་དངོས་གང་ལེགས་མཚོན་པ་བྱས་པ་དེར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད། བླ་མ་སྐྱེས་ཆེན་རྣམ་པས་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཧུར་ཐག་བཏང་སྟེ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱར་ཨ་ལན་སློག་པ་དང་། ཤེས་དཔལ་མི་འདྲ་བའི་དབར་སྐད་ཆ་ཤོད་རེས་ལ་སྐུལ་འདེད་གཏོང་བ། དད་སེམས་མི་འདྲ་བ་འཆམ་མཐུན་མཉམ་གནས་ཐུབ་རྒྱུ་དར་སྤེལ་གཏོང་བ། མིའི་རིགས་ཀྱི་ཐུན་མོང་གི་ལས་དབང་འདུས་གྲུབ་མཉམ་དུ་གཏོད་པ་བཅས་བྱས་ཏེ་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ཤེས་དཔལ་གྱི་མཛེས་སྡུག་ལྡན་པའི་དཔེ་རིས་ཤིག་འབྲི་དགོས་ཞེས་མཛུབ་སྟོན་གནང་ཡོད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སུན་ཁྲུན་ལན་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་ཤིང་། ཁོང་གིས་ཆོས་ལུགས་ཀྱི་སྐྱེ་སྟོབས་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི“མཉམ་བསམ་མཉམ་སྐྱོད”ལ་ཐུག་པ་དང་། ཆོས་ལུགས་ཀྱི་ཤུགས་རྐྱེན་ནི་རིག་གནས་སྣ་ཚོགས་ཀྱི“སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར”ཐུག་པ། ཆོས་ལུགས་ཀྱི་མི་སེམས་འགུག་ནུས་ནི་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་དགེ་མཚན་ལྡན་པའི་སྣེ་ཁྲིད་ནུས་པར་ཐུག་ཡོད། ཀྲུང་གོའི་ནང་བསྟན་ལས་རིགས་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་ནང་བསྟན་ལས་རིགས་དང་སྤེལ་རེས་གཏིང་ཟབ་བྱེད་པ་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་རིན་ཐང་གི་འདུ་ཤེས་ཐུན་མོང་ཐོག་དར་སྤེལ་བཏང་ནས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་དེ་བས་བརྗིད་ཉམས་ཆེ་བའི་ལོ་རྒྱུས་ཀྱི་ལེའུ་ཞིག་རྩོམ་རྒྱུའི་བླང་བྱ་བཏོན་པ་རེད།
         རྒྱལ་ཁབ་དང་ས་ཁུལ་52ཀྱི་ནང་བསྟན་ལས་རིགས་ཀྱི་མི་སྣ་སྟོང་ཕྲག་ལྷག་ཙམ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། སྤྱི་ཚོགས་ཀྱི་གྲགས་ཅན་མི་སྣ་གཞན་དག་བཅས་འགོ་ཚུགས་མཛད་སྒོར་ཞུགས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་དང་། ཁ་ན་ཏའི་ཙུང་ལི་སི་ཏི་ཧྥན་·ཧ་ཕོ། ནེ་པ་ལའི་ཙུང་ཐུང་ལ་མུའུ་·ཡ་ཏ་ཕུའུ། ཁམ་ཕུ་ཁྲེའི་རྒྱལ་པོ་ནུའོ་ལུའོ་ཏུན་·ཤིས་ཧ་མུའོ་ཉི་སོགས་ཕྱི་རྒྱལ་གྱི་སྲིད་དོན་མི་སྣ་གལ་ཆེན་དང་། དེ་བཞིན་རི་པིན་དང་། ཧན་གོ ཐེ་ལན། སི་རི་ལན་ཁ་སོགས་རྒྱལ་ཁབ་ཀྱི་ནང་བསྟན་རྩ་འཛུགས་ཀྱི་འགོ་ཁྲིད་ཀྱིས་རྟེན་འབྲེལ་གློག་འཕྲིན་བཏང་བ་རེད།
         འཛམ་གླིང་ནང་བསྟན་གླེང་སྟེགས་དེ་2005ལོར་མཚོ་འགག་ངོགས་གཉིས་དང་དེ་བཞིན་ཤང་ཀང་དང་ཨའོ་མོན་བཅས་ཀྱི་ནང་བསྟན་ལས་རིགས་ཀྱིས་ཐུན་མོང་ཐོག་སྤེལ་བ་ཞིག་རེད། དེའི་དམིགས་ཡུལ་ནི་འཛམ་གླིང་གི་ནང་པ་སངས་རྒྱས་པ་ཚོར་སྤེལ་རེས་དང་། མཉམ་ལས། སྐད་ཆ་ཤོད་རེས་བཅས་ཀྱི་ལམ་སྲོལ་རང་བཞིན་གྱི་མཐོ་རིམ་སྟེགས་བུ་ཞིག་བཏོད་དེ། ཀྲུང་ཧྭའི་ནང་བསྟན་ལས་རིགས་ལ་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་ཞིག་མཁོ་འདོན་བྱས་པ་མ་ཟད། མཚོ་འགག་ངོགས་གཉིས་ཀྱི་ནང་བསྟན་སྤེལ་རེས་ལ་གོ་སྐབས་ཤིག་སྔར་བས་མཁོ་འདོན་བྱས་པ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།