འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གཙོད་གནས་མཚོ་ལུད་ནས་ཁུ་ཁུ་ཤི་རིའི་ཚྭ་མཚོའི་རྒྱ་ཁྱོན་ལོ་བཞིའི་ནང་
    ལྡབ་2.3ཆེ་རུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་21ཉིན། 15:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང“གཙོད་ཕྲུག་བཙའ་ཡུལ”ཞེས་བརྗོད་པའི་གཙོད་གནས་མཚོ་དེ་ཉིད་བར་མི་ཆད་པར་ལུད་ནས་ཁུ་ཁུ་ཤི་རིའི་ཚྭ་མཚོའི་རྒྱ་ཁྱོན་ལོ་བཞིའི་ནང་ལྡབ་2.3ཆེ་རུ་ཕྱིན་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་སུའོ་ཡི་མཐོ་རིམ་བཟོ་བཀོད་པ་ལིའུ་པའོ་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དུས་རབས་གོང་མའི་ལོ་རབས་བདུན་ཅུ་པར་ཁུ་ཁུ་ཤི་རིའི་ཚྭ་མཚོར་རྒྱང་ཚོར་གྱི་ལྟ་ཞིབ་ཚད་ལེན་ཐོག་མར་བྱེད་སྐབས་མཚོ་དེའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་38ལས་མེད། 2011ལོར་སླེབས་སྐབས་སྤྱི་ལེ་ངོས་གྲུ་45.98བར་ཆེ་རུ་ཕྱིན་ཡོད། ད་ཆ་མཚོ་དེའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་150.41ཟིན་ནས་ལོ་བཞིའི་ནང་ལྡབ་2.3ཆེ་རུ་ཕྱིན་ཡོད་པ་རེད།
         “2009ལོའི་ཟླ་9ནས་བཟུང་། གཙོད་གནས་མཚོའི་ཆུ་ཤར་ལྷོའི་མཚམས་སུ་ལུད་དེ་ཞེང་ཚད་ལ་སྨི་30ནས་སྨི་50བར་དང་གཏིང་ཚད་ལ་སྨི་20ནས་སྨི་30བར་གྱི་ཆུ་བོ་ཞིག་ཆགས་ཏེ་ཁུའུ་སའེ་མཚོ་དང་ཧའེ་ཏིང་ནོའར་ཧུའུ་དང་འབྲེལ་ནས་མཐར་ཁུ་ཁུ་ཤི་རིའི་ཚྭ་མཚོའི་ནང་རྒྱུགས་ཀྱི་ཡོད”ཅེས་ལིའུ་པའོ་ཁང་གིས་བརྗོད་ཅིང་། ཁོང་གིས། ཁུ་ཁུ་ཤི་རིའི་ཚྭ་མཚོའི་རྒྱ་ཁྱོན་ཆེ་རུ་སོང་བ་དང་ཆབས་ཅིག གཙོད་གནས་མཚོའི་རྒྱ་ཁྱོན་ཡང་ཆུང་དུ་ཕྱིན་ཏེ་ལོ་བཞིའི་ནང་སྤྱི་ལེ་ངོས་གྲུ་100ཙམ་ཆུང་དུ་ཕྱིན་འདུག་ཅེས་བརྗོད་བྱུང་།
         ཁུ་ཁུ་ཤི་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་མངའ་ཁོངས་སུ་གནས་པའི་གཙོད་གནས་མཚོ་དེ་ཁུ་ཁུ་ཤི་རིའི་ཚྭ་མཚོའི་ནུབ་རྒྱུད་དུ་གནས་པ་དང་། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གཙོད་ཀྱིས་ལོ་ལྟར་ཟླ་བ་དྲུག་པ་ནས་བདུན་པ་བར་གཅིག་སྡུད་ཐོག་གཙོད་ཕྲུག་བཙའ་བའི་ས་ཁུལ་གཙོ་བོ་དེ་རེད། ཁུ་ཁུ་ཤི་རིའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ལས་དོན་པ་ཝང་ཧའེ་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གནམ་གཤིས་དྲོ་རུ་ཕྱིན་པའི་དབང་གིས་གངས་འཁྱག་བཞུར་བ་དང་དེ་བཞིན་ལོ་རེ་བཞིན་ཆར་པ་འབབ་ཚད་ཇེ་མང་དུ་སོང་བ་དེ་ནི་གཙོད་གནས་མཚོའི་ཆུ་ལུད་པའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད་པ་རེད།
         “ཚྭ་མཚོའི་རྒྱ་ཁྱོན་ཆེ་རུ་སོང་བ་དེས་ཆུས་སྣུབ་པའི་ཁུལ་གྱི་རྩྭ་ཐང་ལ་གཏོར་སྐྱོན་བྱུང་བ་མ་ཟད། ད་དུང་ཉེ་འགྲམ་གྱི་འཕྲིན་གཏོང་དང་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ལའང་གནོད་འཚེ་ཕོག་སྲིད”ཅེས་ཝང་ཧའེ་ལིན་གྱིས་བརྗོད་ཅིང་། ཁོང་གིས། མིག་སྔར་གཙོད་གནས་སྤོ་དང་བྱ་རིགས་འཚོ་གནས་ཐད་ཤུགས་རྐྱེན་ཕོག་པའི་སྣང་ཚུལ་ཐོན་མེད་ཀྱང་སྔར་བཞིན་དོགས་ཟོན་ཆེར་བསྐྱེད་བྱེད་དགོས་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།