༄༅།།དུས་ཚིགས་དང་པོ་ནས་གསུམ་པའི་བར་GDPདུས་མཚུངས་ལས་6.9%འཕར་བ།
གསར་འགྱུར་སྤེལ་དུས། 【2015ལོའི་ཟླ་ 10ཚེས་21ཉིན། 15:14】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཧྲེང་ལའེ་ཡུན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་བྱུང་ནས་བརྟན་ཐོག་ཡར་འཕེལ་དང་བརྟན་ཁྲོད་ཡག་པོ་བྱུང་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་མངོན་ཡོད་པའི་ཁྱབ་བསྒྲགས་བྱས་པ་རེད། ཞིབ་རྩིས་བྱས་པར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་487774ཟིན་པ་དེ་བསྡུར་གཞི་ཡོད་པའི་ཐོག་ནས་བརྩིས་ཚེ་དུས་མཚུངས་ལས་6.9%འཕར་ཡོད་པ་རེད། དུས་ཚིགས་དབྱེ་བའི་ཐོག་ནས་བལྟས་ཚེ་དུས་ཚིགས་དང་པོར་དུས་མཚུངས་ལས་7.0%འཕར་བ་དང་། དུས་ཚིགས་གཉིས་པར་7.0%འཕར་བ། དུས་ཚིགས་གསུམ་པར་6.9%འཕར་ཡོད་པ་རེད། དུས་ཚིགས་གོང་མ་དང་བསྡུར་ནས་བལྟས་ཚེ་དུས་ཚིགས་གསུམ་པའི་ནང་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་1.8%ཟིན་གྱི་ཡོད་པ་རེད།
གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་ཁྱིམ་དུད་བརྟག་དཔྱད་ལ་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་གྲོང་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་16367ཟིན་ནས་དུས་མཚུངས་ལས་མིང་ཐོག་གི་9.2%འཕར་ཡོད་པ་དང་རིན་གོང་རྒྱུ་རྐྱེན་འཐེན་འཁྲི་བྱས་ཚེ་དོན་དངོས་7.7%འཕར་ནས་ལོ་སྟོད་ལས་བརྒྱ་ཆའི་གྲངས་0.1མཐོ་རུ་ཕྱིན་ཡོད་པ་རེད། རྒྱུན་སྡོད་ས་ཁུལ་ལ་དབྱེ་ནས་བལྟས་ཚེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་23512ཟིན་ནས་དུས་མཚུངས་ལས་མིང་ཐོག་གི་8.4%འཕར་བ་དང་རིན་གོང་གི་རྒྱུ་རྐྱེན་འཐེན་འཁྲི་བྱས་ཚེ་དོན་དངོས་6.8%འཕར་ཡོད་པ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8297ཟིན་ནས་དུས་མཚུངས་ལས་མིང་ཐོག་གི་9.5%འཕར་བ་དང་རིན་གོང་རྒྱུ་རྐྱེན་འཐེན་འཁྲི་བྱས་ཚེ་དོན་དངོས་8.1%འཕར་ཡོད་པ་རེད། རྒྱལ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འབྲིང་གྲས་སྒོར་14460ཟིན་ནས་དུས་མཚུངས་ལས་མིང་ཐོག་གི་10.2%འཕར་ཡོད་པ་རེད། དུས་ཚིགས་གསུམ་པའི་དུས་མཇུག་ཏུ་གྲོང་གསེབ་ཀྱི་ཕྱིར་ངལ་རྩོལ་དུ་སྐྱོད་མཁན་མི་གྲངས་བསྡོམས་འབོར་ཁྲི་17554ཟིན་ནས་ལོ་གོང་མའི་དུས་མཚུངས་དང་སྤྱིར་ན་མཚུངས་ཀྱི་ཡོད་པ་རེད། དུས་ཚིགས་གསུམ་པའི་ནང་ཕྱིར་ངལ་རྩོལ་བྱེད་པར་སྐྱོད་མཁན་གྱི་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར་3052ཟིན་ནས་དུས་མཚུངས་ལས་9.1%འཕར་ཡོད་པ་རེད།