འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་9ཉིན།
  • མི་དམངས་དྲ་བ།>>བོད་ལྗོངས།

    ༄༅།།འཇམ་དཔལ་གྱི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་
    ཚོགས་ཆེན་ཐོག་གི་གཏམ་བཤད།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་09ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།འཇམ་དཔལ་གྱི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་
ཚོགས་ཆེན་ཐོག་གི་གཏམ་བཤད།
         གུས་ཤིང་བརྩེ་བའི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་མཆོག་དང་། དབུ་ཁྲིད་རྣམ་པ། བློ་མཐུན་རྣམ་པ། ཡུལ་མི་རྣམ་པ།
         གུས་པའི་མིང་ལ་འཇམ་དཔལ་ཟེར་གྱི་ཡོད། གུས་པ་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གདོང་དཀར་གྲོང་རྡལ་གདོང་དཀར་གྲོང་ཚོའི་ཚོགས་ཆུང་བཞི་པའི་གྲོང་མི་ཞིག་ཡིན། དེ་རིང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་རྒྱུ་བྱུང་བ་མ་ཟད། ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་རྒྱུ་བྱུང་བར་སེམས་ནང་དགའ་ཚོར་ཧ་ཅང་ཆེན་པོ་སྐྱེས་བྱུང་ལ་སེམས་འགུལ་ཡང་ཆེན་པོ་ཐེབས་བྱུང་། ཀྲུང་གོ་གསར་པའི་ནང་སྐྱེས་ཤིང་དར་དམར་འོག་འཚར་པའི་མི་རབས་གསར་པ་ཞིག་གི་ངོས་ནས་བརྗོད་ན། གུས་པ་ནི་ཏང་གི་ཉི་འོད་སྦྲང་ཆར་གྱི་བདེ་སྐྱིད་ཁྲོད་བདེ་ཐང་ངང་འཚར་ལོངས་བྱུང་ཞིང་། རང་ཉིད་ཀྱི་ཕུགས་འདུན་སྒྲུབ་ཆེད་འབད་བརྩོན་བྱེད་བཞིན་ཡོད། 1994ལོའི་ཟླ་3པར། བསྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་ལ་བརྟེན་ཞིང་། ཏང་ཨུད་དང་སྲིད་གཞུང་གི་སྐུལ་ལྕག་དང་། ནང་མི་དང་གྲོགས་པོ་ཚོའི་རྒྱབ་སྐྱོར་འོག གུས་པས་ཁྱིམ་མཚེས་དང་མཉམ་དུ་མ་དངུལ་བསྡུ་རུབ་ཐོག ལྕགས་གཞོང་རླངས་འཁོར་གཅིག་ཉོས་ཏེ་ཨར་སྐྲུན་རྣམ་གྲངས་འགན་གཙང་བླངས་པས་གཞན་གྱི་སྔོན་ལ་ཕྱུག་པོ་ཆགས་བྱུང་། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་གུས་པར་ཤེས་ཚོར་ཟབ་མོ་ཞིག་བྱུང་བ་སྟེ། ཏང་གི་དམངས་ཕྱུག་དམངས་ཕན་སྲིད་ཇུས་བཟང་པོ་དེ་འདྲ་མེད་པ་དང་། ཡུལ་མི་ཚོའི་ཤུགས་ཆེའི་རྒྱབ་སྐྱོར་མེད་ན་རང་ཉིད་ལ་ད་ལྟའི་གྲུབ་འབྲས་དེ་དག་ཡོང་ཐབས་མེད། ཐུན་མོང་ཐོག་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཆེད། གུས་པས་ལྗོངས་ཡོངས་སུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེར་སྤེལ་བའི་གོ་སྐབས་དེ་དམ་འཛིན་བྱས་ཏེ་ཡུལ་མི་ཚོའི་སྣེ་ཁྲིད་ནས་གདོང་དཀར་གྲོང་ཚོའི་ཞིང་འབྲོག་པའི་ཨར་སྐྲུན་སྐྱེལ་འདྲེན་མཐུན་ཚོགས་ཤིག་བཙུགས་པ་དང་། རྡོ་འདོན་སའི་ལས་གྲྭ་ཁག་གཉིས་བཙུགས་པ་ཡིན། རླངས་འཁོར་རུ་ཁག་དེར་སྐྱེལ་འདྲེན་རླངས་འཁོར་180ཡོད་པ་དང་། གཏན་འཇགས་ལས་ཞུགས་བྱེད་མཁན་ལས་མི་200ལྷག་ཙམ་ཟིན་ཡོད། སྔ་རྗེས་སུ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དང་། ནག་ཆུ་ཟོག་འགྲེམས་ལྟེ་གནས་སོགས་རྣམ་གྲངས་ཆེ་གྲས་ཀྱི་འཛུགས་སྐྲུན་ནང་ཞུགས་ཐོག ལས་ཀ་བྱེད་མཁན་མི་རེར་ཟླ་རེའི་ཡོང་འབབ་སྒོར་6000ཡན་ཟིན་པ་མ་ཟད། གྲོང་ཚོའི་མཉམ་སྡེབ་ལ་ལོ་ལྟར་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་300བསགས་པས། ཡུལ་མི་རྣམས་ཕྱུག་པོ་ཆགས་པ་དང་། ཕ་ཡུལ་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པར་བརྟེན། གྲོང་ཚོའི་ཡུལ་མི་ཚང་མས་སེམས་གཏིང་ནས་ཏང་དང་སྲིད་གཞུང་གི་བཀའ་དྲིན་ཚོར་གྱི་ཡོད། རང་ཉིད་ཀྱིས་ཀྱང་གུང་ཁྲན་ཏང་ཡོན་ཞིག་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་ལ་ཕན་པའི་ལས་ཀ་ཕྲན་བུ་བསྒྲུབས་པར་བརྟེན། སྔ་རྗེས་སུ“བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ”དང“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བར”བདམས་ཐོན་བྱུང་།
         གུང་ཁྲན་ཏང་གི་བཀའ་དྲིན་ནི་ནམ་མཁའ་ལས་ཡངས་ཤིང་མཚོ་མོ་ལས་ཟབ་པ་ཞིག་རེད། གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་ལ། ང་ཚོར་མཛེས་སྡུག་ལྡན་པའི་དེང་གི་བདེ་སྐྱིད་འཚོ་བ་སྐྱེལ་རྒྱུ་དེ་བས་ཀྱང་མེད། ད་ལྟ་ང་ཚོ་ཞིང་འབྲོག་མང་ཚོགས་རྣམས་བདེ་སྐྱིད་ཀྱི་འཚོ་བར་ཅི་དགར་རོལ་ཞིང་། མཁའ་དབྱིངས་ཀྱི་སྤྲིན་དཀར་བཞིན་སོས་དལ་བག་ཕེབས་ངང་གནས་པ་དང་། ཁྱིམ་ཚང་ཚང་མ་གནས་ཟོས་བདེ་ལ་སྤྱོད་གོ་ཆོད་པའི་ཁང་བཟང་ནང་སྡོད་རྒྱུ་བྱུང་བ་དང་། སྤྱོད་སྟབས་བདེ་ལ་གསལ་མདངས་ཆེ་བའི་ཁྱིམ་གློག་སྤྱོད་རྒྱུ་ཡོད་པ། གནོད་མེད་དྭངས་གཙང་གི་ཆུ་འཐུང་རྒྱུ་ཡོད་པ། རྒྱ་ཆེ་ལ་ཁོད་སྙོམས་པའི་གཞུང་ལམ་ཐོག་འགྲུལ་བཞུད་བྱེད་རྒྱུ་ཡོད་པ་མ་ཟད། ཏང་ཀྲུང་དབྱང་གི་གསུང་སྒྲ་ཐོས་རྒྱུ་ཡོད། ད་དུང་ལོ་ལྟར་རིན་སྤྲོད་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱ་རྒྱུ་ཡོད་པ་དང་། ཕྲུ་གུ་རྣམས་སློབ་གྲྭར་འགྲོ་བར་ཟས་སྡོད་ཀྱི་རིན་པ་དང་སློབ་ཡོན་སྤྲོད་མི་དགོས་པའི་ཐོག ཁྱིམ་ཚང་མང་པོ་ཞིག་ལ་མོ་ཊ་དང་། གློག་ཀླད། ལག་ཁྱེར་ཁ་པར་ཡང་ཡོད། རང་ཉིད་ཀྱི་ཁྱིམ་ཚང་ལ་ཆ་མཚོན་ན་ཕྲུ་གུ་གསུམ་ཡོད་ཅིང་། ཕྲུ་གུ་གཅིག་ལ་ལས་ཀ་རག་ཚར་བ་དང་། ཕྲུ་གུ་གཅིག་རང་སྐྱོང་ལྗོངས་ཀྱི་གཞུང་ཞབས་པའི་ཡིག་རྒྱུགས་བདེ་བླག་ངང་འཕྲོད་ནས་ལས་ཀར་སྐྱོད་གྲབས་ཡོད། ད་དུང་ཕྲུ་གུ་གཅིག་བོད་ལྗོངས་སློབ་གྲྭ་ཆེ་མོར་སློབ་སྦྱོང་བྱེད་བཞིན་ཡོད། ང་ཚོའི་གྲོང་ཚོའི་ཁྱིམ་ཚང་ཚང་མས་རང་གི་ཁྱིམ་དུ་རྒྱལ་དར་དང་གཙོ་འཛིན་གྱི་སྐུ་པར་བཀལ་ཡོད་ཅིང་། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་བ་དང་། ཕ་ཚ་བུ་རྒྱུད་ནས་ཏང་ལ་ཐུགས་རྗེ་ཆེ་ཞུ་བ་མ་ཟད། མི་རབས་ནས་མི་རབས་བར་ཏང་གི་རྗེས་སུ་འབྲང་རྒྱུ་ཡིན། དེར་མི་སུ་ཞིག་གིས་ཀྱང་ནག་བཙོག་བཟོ་བ་དང་། རྙོག་ཟིང་སློང་བ། གཏོར་བཤིག་གཏོང་བའི་རིགས་གཏན་ནས་བྱེད་དུ་འཇུག་རྒྱུ་མིན། ང་ཚོས་ཏང་གི་འགོ་ཁྲིད་འོག རང་གི་ནུས་ཤུགས་གང་ཡོད་ལ་བརྟེན་ནས་ཕ་ཡུལ་དེ་བས་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་རྒྱུ་དང་། ཐུན་མོང་ཐོག་སྔར་བས་མཛེས་སྡུག་ལྡན་པ་དང་། སྔར་བས་ཞི་མཐུན་ལྡན་པ། སྔར་བས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་བསྐྲུན་རྒྱུའི་ཆོད་སེམས་བརྟན་པོ་ཡོད།
         ཀྲུའུ་ཞི་ཡུས་ཀྲེང་ཧྲེང་མཆོག་དང་དབུ་ཁྲིད་ལྷན་རྒྱས་སྐུ་གཟུགས་གསལ་ཐང་དང་། ལས་དོན་བདེ་བླག བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།