མི་དམངས་དྲ་བ།

༄༅།།སུན་ཁྲུན་ལན་གྱིས་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ཏང་ཕྱིའི་མི་སྣ་དང་
ཕྱི་རྒྱལ་དུ་ཡོད་པའི་རྒྱལ་གཅེས་བོད་རིགས་སྤུན་ཟླའི་འཐུས་མིར་གཟིགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་08ཉིན། 12:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ལྷ་སར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་བཞིན་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་གྱིས་ཟླ་9ཚེས་7ཉིན་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ཏང་ཕྱིའི་མི་སྣ་དང་ཕྱི་རྒྱལ་དུ་ཡོད་པའི་རྒྱལ་གཅེས་བོད་རིགས་སྤུན་ཟླ་དང་དེ་བཞིན་གཞིས་ཆགས་བོད་རིགས་སྤུན་ཟླའི་འཐུས་མིར་གཟིགས་ནས་ཁོང་ཚོ་དང་བྱམས་བརྩེའི་བཀའ་མོལ་གནང་བ་མ་ཟད་དྲན་རྟེན་འདྲ་པར་ཡང་བསྐྱོན་གནང་བ་རེད།
         སུན་ཁྲུན་ལན་གྱིས་གསུང་བཤད་གནང་སྐབས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50ཡི་རིང་འཕེལ་རྒྱས་དང་འགྱུར་ལྡོག་ཆེ་བ་དང་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པའི་གྲུབ་འབྲས་ཐོབ་པ་ནི་ཏང་ཀྲུང་དབྱང་གིས་མཁས་མཛངས་ལྡན་པའི་འགོ་ཁྲིད་གནང་བའི་འབྲས་བུ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་ཞིག་རེད་ལ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐུན་མོང་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཀྱང་རེད། ང་ཚོས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50ཡི་རིང་ཐོབ་པའི་གྲུབ་འབྲས་ཆེན་པོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཞི་མཐུན་བརྟན་ལྷིང་ཆེད་དམིགས་བསལ་ལེགས་སྐྱེས་ཕུལ་མཁན་བོད་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད།
         སུན་ཁྲུན་ལན་གྱིས་དུས་ཡུན་རིང་པོར་ཕྱི་རྒྱལ་དུ་ཡོད་པའི་རྒྱལ་གཅེས་བོད་རིགས་སྤུན་ཟླས་མེས་རྒྱལ་གཅིག་གྱུར་དང་། བོད་ཀྱི་དར་རྒྱས་གོང་འཕེལ། ཡུན་རིང་བདེ་འཁོད་བཅས་ཀྱི་ཆེད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་བཏོན་ཡོད། རེ་བར་ཚང་མས་བོད་ཀྱི་འཕེལ་རྒྱས་འགྱུར་ལྡོག་ལ་སྔར་བས་ཤེས་རྟོགས་ཟབ་མོ་དང་ཏང་དང་རྒྱལ་ཁབ་ཀྱིས་བོད་ལ་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་གནང་བར་སྔར་བས་ཤེས་རྟོགས་ཟབ་མོ་བྱས་ཐོག་ཕྱིར་ལོག་རྗེས་རྒྱལ་ཕྱིར་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པ་ཇི་མ་ཇི་བཞིན་ངོ་སྤྲོད་བྱས་ཏེ་བོད་ཀྱི་དར་རྒྱས་བརྟན་ལྷིང་དང་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་ཆེད་ལེགས་སྐྱེས་འབུལ་རོགས་ཞུ་རྒྱུ་ཡིན་ཞེས་བསྟན་པ་རེད།