འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི“ས་གཙང་ཐོན་ལས”ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་02ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ལྷ་སར་འཚོ་བ་སྐྱེལ་མཁན་ཚོར་ཆེས་སྤུས་ལེགས་ཀྱི་སྣོད་བཅུད་ཁོར་ཡུག་ཡོད། ལོ་མང་རིང་ལྷ་སས“སྣོད་བཅུད་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང”བྱ་རྒྱུ་མཐའ་འཁྱོངས་ཀྱིས“རི་བོར་རྩི་ཤིང་འཛུགས་པ་དང་། གཙང་ཆུ་མཚེའུ་རུ་གྱུར་བ་བྱེད་པ། དྲོད་རླངས་དུད་ཚང་དུ་ཁྲིད་པ”བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་གཙང་སྲུང་འཛིན་བྱེད་པ་དང་འབད་བརྩོན་ཆེ་ཤོས་ཀྱི་ཐོག་ནས་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་གི་ཡོད་པ་རེད།
         ད་ཆ་སྤུས་ལེགས་ཀྱི་ཁོར་ཡུག་དེ་འཕེལ་རྒྱས་ཀྱི་ལེགས་ཆ་ཞིག་ཏུ་འགྱུར་བཞིན་ཡོད། སྤུས་ཀ་ལེགས་པའི་ས་མཐོའི་ཐོན་རྫས་ལ་དགའ་བསུ་ཟབ་མོ་ཐོབ་པ་དང་། དྭངས་གཙང་གི་འཐུང་ཆུ་རྒྱལ་ཡོངས་ལ་བྲིན་ཁ་རྒྱུག་པ། ས་མཐོར“གནས་མཇལ”ལ་ཡོང་མཁན་ཡུལ་སྐོར་བ་རྫོགས་མཐའ་མེད་པར་གྱུར། དེ་སྔོན་དེ་གར་ནས་དང་། ཚགས་ཤ། ལུག་ཤ་སོགས་ཡུལ་ཟོག་ཐོན་རྫས་ལས་མེད་པ་དང་། ད་ཆ་དེ་གར་ཞ་ཆིང་སུ་དང་། རོགས་རྩབས་Q10 ས་མཐོའི་ཆང་དམར། མཱ་ཁ། གངས་ལྷ་དྲང་སྲོང་སོགས་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་དེ་གའི་ས་གཙང་ནི་གནོད་མེད་ཐོན་ལས་ཀྱི་ཐོན་ཡུལ་ཉག་གཅིག་ཡིན་པར་བརྟེན་རེས་འཁོར་དེ་གའི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་གི་གོ་སྐབས་དམ་འཛིན་བྱས་ནས་ལྷ་ས་འདི་ཉིད་སྲོལ་རྒྱུན་གྱི་རྗེས་འདེད་རྣམ་པའི་འཕེལ་རྒྱས་གཏོང་སྟངས་ནས་ཧེ་བག་ཅན་གྱི་རང་བདག་རྣམ་པའི་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
         རྒྱང་ལྟ། ཁོར་ཡུག་དང་འཕེལ་རྒྱས་གཉིས་ཐོབ་ཡོང་བ་བྱེད་པ།
         ལྷ་ས་གྲོང་ཁྱེར་གྱི་གྲོང་མི་ཚོས་ཁོར་ཡུག་དང་འཕེལ་རྒྱས་ཀྱི་གཉིས་ཐོབ་ཀྱི་མྱོང་ཚོར་བྱེད་བཞིན་ཡོད། 《གྲོང་གསར་སྐོར་བ》ཞེས་པའི་སྙན་འཇེབས་ལྡན་པའི་གླུ་དབྱངས་ལས་ལྷ་སའི་ལོ་རེ་ལས་ལོ་རེ་མི་འདྲ་བའི་འཕོ་འགྱུར་གྱི་དཔང་པོ་བྱེད། ལོ་50ཡི་རིང་ལྷ་ས་གྲོང་ཁུལ་གྱི་གཞི་ཁྱོན་ནི་སྤྱི་ལེ་ངོས་གྲུ་3ནས་སྤྱི་ལེ་ངོས་གྲུ་71.16བར་རྒྱ་ཆེར་སོང་བ་དང་། གྲོང་ཁུལ་གྱི་ལམ་བུའི་རིང་ཚད་སྤྱི་ལེ་241ཟིན་ཞིང་། ལྷ་ས་འདི་ཉིད་ཆེན་པོ་དེ་ཙམ་མེད་ཀྱང་ཆེ་ཆུང་མི་འདྲ་བའི་སྤྱི་གླིང་50ཙམ་ཡོད་པ་དང་། གྲོང་ཁྱེར་གྱི་གློ་བ་ཡིན་པའི་གཞི་ཁྱོན་སྤྱི་ལེ་ངོས་གྲུ་12.2ཡོད་པའི་ལྷ་ཀླུ་འདམ་རས་ལོ་ལྟར་དབྱང་རླུང་ཏུན་ཁྲི་6ལྷག་ཙམ་ཕྱིར་འབུད་བྱེད་ཀྱི་ཡོད།
         “རི་བོར་རྩི་ཤིང་འཛུགས” ལྷ་སས་དཔྱིད་དུས་དང་། ཆར་དུས། སྟོན་དུས་བཅས་སུ་རྒྱུན་ཆད་མེད་པར་ནགས་བཟོ་བྱེད་པ་དང་དུས་མཚུངས་ལྷོ་རིའི་ནགས་བཟོའི་གཞི་ཁྱོན་མུའུ་ཆིག་སྟོང་ལྷག་ཙམ་ཟིན་ནས་ཤིང་སྡོང་རྐང་ཁྲི་17ཡོད་པས་ཐང་མ་སྒྲོན་ཤིང་དང་། རྒྱ་ཤུག གླ་ཚེར། རི་ཁམ་སོགས་ཤིང་སྡོང་སྣ་ཁ་20ལྷག་ཙམ་རྣམ་པར་བཀྲ་བར་གྱུར་ནས་དེ་སྔོན་སྐམ་ཐེར་ཐེར་གྱི་རི་བོ་དེ་རིམ་བཞིན་དཔྱིད་ཀྱི་སྔོ་མདངས་རྒྱས་པར་གྱུར།
         “གཙང་ཆུ་མཚེའུ་རུ་གྱུར་བ་བྱེད” ལྷོ་རིའི་རི་གཤམ་དུ་ལང་ལོང་དུ་འཕྱུར་བའི་ལྷ་སའི་སྐྱིད་ཆུ་ལས་གྲོང་ཁུལ་གྱི་མཐའ་འཁོར་དུ་ཆུ་ངོས་རྒྱ་ཆེན་པོ་ཞིག་ཆགས་པས་ལྷ་སས་མ་འཇོག་སྒོར་དུང་ཕྱུར་35ལྷག་ཙམ་བྱས་ནས་རིམ་དྲུག་བཀག་སྐྱིལ་ཆུ་རགས་ཤིག་བསྐྲུན་རྒྱུ་རེད། ན་ནིང་ཆུ་རགས་ཨང་རྟགས་གསུམ་པར་ཆུ་བསག་ཟིན་པ་དང་དུས་མཚུངས་ཆུ་འགྲམ་སྤྱི་གླིང་ཀྱང་བསྐྲུན་ཡོད། ཆུ་རགས་ཨང་རྟགས་གསུམ་པའི་རྣམ་གྲངས་ཀྱི་འགན་ཁུར་བ་མིག་དམར་གྱིས་ལས་གྲྭ་ཧྲིལ་པོ་ལས་ལྷ་ས་གྲོང་ཁུལ་གྱི་བཞའ་ཚན་10%ཆེ་རུ་འགྲོ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་ནས་བཤད།
         “དྲོད་རླངས་དུད་ཚང་དུ་ཁྲིད” ལོ་གཉིས་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད་གོར་མོའི་འབར་རླངས་2014ལོའི་དགུན་དུས་སུ་ལྷ་སའི་འཆར་འགོད་ཁུལ་ནང་གི་དུད་ཚང་ཁྲི་སྟོང་ལ་ཁྲིད་པ་དེ་ལས་ལྕི་བོ་དང་མེ་ཤིང་ལ་བརྟེན་ནས་དྲོད་ལེན་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་རེད། རྣམ་གྲངས་དེ་ཁོ་ན་ལས་2014ལོར་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་18ཙམ་དང་། དབྱང་གཉིས་མུ་ཟི་འགྱུར་ཏུན་1652 དུ་ཞག་དང་ས་རྡུལ་ཏུན་ཁྲི་2544ཙམ། སོལ་སྙིགས་ཏུན་ཁྲི་1.39ཙམ་བཅས་ཕྱིར་འབུད་བྱེད་ཉུང་དུ་ཕྱིན་ཡོད་པ་རེད།
         ཕྱགས་འགོད། ས་གཙང་ཐོན་ལས་ལ་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་པ།
         མིག་སྔར“ལྷ་སའི་ས་གཙང”དེ་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཤིག་ཏུ་གྱུར་ཞིང་། ངོ་སྤྲོད་ལ་གཞིགས་ན། འཛམ་གླིང་ཐོག་ཆེས་དྭངས་གཙང་གི་སྦགས་བཙོག་མེད་པའི་རང་བྱུང་ཁོར་ཡུག་ཁྲོད་རྙོག་འཛིང་ཆེ་བའི་ས་དབྱིབས་དང་། ས་བབ་མཐོ་ཞིང་གྲང་ངར་ཆེ་བ། དབྱང་རླུང་མི་འདང་བ། འགྱེད་འཕྲོ་ཆེ་བ་བཅས་ལ་ཁ་གཏད་གཅོག་ཆེད་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་རང་བཞིན་གྱི་མཁོ་བསྟུན་འགྱུར་བ་བྱུང་ནས་ལྡོག་འགོག་ནུས་པ་ལྡན་པའི་སྐྱེ་དངོས་གསོན་པོའི་རང་བཞིན་གྱི་དངོས་རྫས་འབོར་ཆེན་ཆགས་ཡོད། ས་གཙང་འདུ་ཤེས་དེ་ལྷ་སའི་ཐུན་མོང་མ་ཡིན་པའི་གནམ་གཤིས་དང་ས་ཁམས་སོགས་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་པའི་ཐོན་དངོས་ཤིག་རེད་ཅེས་བརྗོད་ཆོག
         ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་ལམ་བུ་བརྒྱུད་རླངས་འཁོར་བཏང་ནས་ཆུ་ཚོད་ཕྱེད་ཀ་ཙམ་བསྐྱོད་ཚེ་ཆུ་ཤུར་རྫོང་ཚལ་སྣེ་ཤང་ཚལ་སྣེ་གྲོང་ཚོར་ཡོད་པའི་ལྷ་སའི་ས་གཙང་གནོད་མེད་ཐོན་ལས་དཔེ་སྟོན་ཁུལ་དུ་སླེབས་ཤིང་། ཐོན་ལས་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་ཚེ་རིང་གིས་གསར་འགོད་པར། 2013ལོར་ཐོན་ལས་ཁུལ་བཙུགས་པ་ནས་བཟུང་ལས་གྲྭ་དུས་ཐེངས་གསུམ་ལེགས་གྲུབ་བྱུང་བ་དེ་དག་ལ“རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ”དང་། “ཞིང་ལས་ཕྱོགས་བསྡུས་སྒྱུར་བཅོས་དཔེ་སྟོན་ཁུལ” “ཀྲུང་གོ་ཚན་རིག་ཁང་ས་གཙང་བདེ་ཐང་ཐོན་ལས་དཔེ་སྟོན་ཁུལ”བཅས་སོ་སོར་མིང་བཏགས་ཡོད་ཅེས་བཤད་བྱུང་།
         རྟེན་གཞིར་སྐྱོད་སྐབས་ལྗང་མདོག་གི་མཱ་ཁ་དང་། ཁམ་བུ། རྡོ་ཐ། བྱི་བཟུང་སོགས་དང་ཚོན་མདོག་རྣམ་པར་བཀྲ་བའི་རྒྱ་སེ་མེ་ཏོག་དང་། གངས་ལྷ་དྲང་སྲོང་། ཅན་ལན་མེ་ཏོག་སོགས་ཧ་ཅང་ལྟ་ན་སྡུག ཡངས་ཤིང་རྒྱ་ཆེ་བའི་ཞིང་ཁའི་ནང་རྩྭ་ངན་འཐུ་བ་དང་ལྗང་བུ་མཐུག་སེལ་བྱེད་བཞིན་པའི་ས་གནས་དེ་གའི་བོད་རིགས་ཞིང་པ་མཐོང་རྒྱུ་ཡོད་པ་དེའི་ནང་མང་ཆེ་བ་བུད་མེད་ཡིན་པ་དང་ཁོང་ཚོས་སྙན་འཇེབས་ལྡན་པའི་གླུ་དབྱངས་ཡང་ཡང་ལེན་བཞིན་མཆིས།
         ཚལ་སྣེ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བ་ཚེ་རིང་གིས། གནའ་སྔ་མོ་ནས་བཟུང་ས་གནས་དེ་གར་ནས་འདེབས་ཀྱི་ཡོད་པས་མཱ་ཁ་དང་གངས་ལྷ་དྲང་སྲོང་སོགས་ས་གཙང་ཐོན་ལས་ཀྱི་དཔལ་འབྱོར་སྐྱེ་དངོས་ཐོག་མར་ནང་འདྲེན་བྱེད་སྐབས། མི་སེར་ཚོས་གཅིག་ནས་ལག་རྩལ་མི་ཤེས་པ་དང་གཉིས་ནས་ཕྱིར་ཚོང་ཐད་སེམས་ཁྲལ་བྱས་ནས་འདོད་པ་དེ་ཙམ་བྱེད་ཀྱི་མེད་ཅེས་བཤད། ཁོང་གིས་ནས་མུའུ་གཅིག་བཏབ་པར་ཐོན་ཚད་མང་ན་རྒྱ་མ་800ལས་མེད་པས་རིན་གོང་ཡག་ཤོས་གཞིར་བཟུང་ཡང་མུའུ་རེའི་ཡོང་འབབ་སྒོར་2400ཙམ་ལས་མེད་པ་དེའི་ནང་ས་བོན་དང་ལུད་སོགས་བེད་སྤྱོད་གཏོང་བར་སྒོར་བདུན་བརྒྱ་བརྒྱད་བརྒྱ་དགོས་ཀྱི་ཡོད། ད་ཆ་མཱ་ཁ་བཏབ་པར་མུའུ་རེའི་ཡོང་འབབ་སྒོར་ཁྲི་1.4ཙམ་ཟིན་གྱི་ཡོད། ཞིང་པས་ས་གཙང་ཐོན་ལས་གཉེར་བར་མུའུ་རེའི་ཡོང་འབབ་དེ་སྔོན་གྱི་སྲོལ་རྒྱུན་ཞིང་ནང་སྐྱེ་དངོས་བཏབ་པའི་ལྡབ་11ཙམ་རེད་ཅེས་བཤད།
         ས་གཙང་ཐོན་ལས་ལས་ཕུལ་བྱུང་ཤེས་ལྡན་པ་གཅིག་ཏུ་འདུས། ཟླ་བརྒྱད་པར་ང་ཚོར་ས་གནས་དེ་གའི་བོད་རིགས་ཞིང་པའི་སྣེ་ཁྲིད་དེ་གླིང་ཁུལ་གྱི་རྒུན་འབྲུམ་དང་བྱི་རུག་སྨུག་པོ་སོགས་ཞིང་ནང་སྐྱེ་དངོས་ལ་གཡོག་བྱེད་བྱེད་བཞིན་ཡོད་པའི་འབུམ་རམས་པ་ཧོ་ཀྲི་ཡུས་འཕྲད་བྱུང་། ཨ་རིའི་ཏེ་ཀྲོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་གྱི་ཞིང་ལས་རིག་པ་ཆེད་ལས་ནས་ཐོན་པའི་ཁོང་2013ལོའི་ཟླ་དང་པོར་ལྷ་སར་ཡོང་ཞིང་། ཁོང་དང་མཉམ་དུ་སློབ་གྲྭ་ཐོན་པའི་བུད་མེད་འབུམ་རམས་པ་ཀྲང་ཡན་མེ་ཡང་དེ་གར་ལས་ཀ་བྱེད་ཀྱི་ཡོད་པ་ཁོང་གིས་རྒུན་འབྲུམ་ཨ་རག་བསྙལ་རྒྱུའི་འགན་ཁུར་གྱི་ཡོད། ཐུན་མོང་མ་ཡིན་པའི་ས་མཐོའི་ཞིང་ལས་འོད་ནུས་ལས་ང་ཚོ་ས་ཐག་རིང་པོ་ནས་དེ་གར་འཕེལ་རྒྱས་དང་གཞིས་ཆགས་བྱེད་པར་ཡོང་བའི་ཡིད་དབང་བཀུག་བྱུང་། ང་ཚོའི་མཐའ་འཁོར་དུ་འབུམ་རམས་པའི་ཚོགས་སྤྱི་ཞིག་ཆགས་ཡོད་ཅེས་བཤད།
         སྣེ་ཁྲིད། “ས་གཙང”ཁྲོམ་ར་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་ཕྱིན་པ།
         “ས་གཙང”གི་འདུ་ཤེས་དེ་ལས་གཏེར་མཛོད་ཅིག་ཕྱེ་བ་ལྟར་ལེགས་ལྡན་དང་གྲགས་ལྡན་ཐོན་རྫས་རྫོགས་མཐའ་མེད་པར་གྱུར། རྒུན་ཆང་དང་། ས་མཐོའི་སྦྲང་རྩི། བོད་ཀྱི་འཁྱག་རག བདུག་སྤོས་སོགས་མགྱོགས་མྱུར་ཁྲོམ་རར་བྲིན་ཁ་རྒྱུག་པོར་གྱུར་ཡོད། ཆུ་ཤུར་རྫོང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། ས་གཙང་ཐོན་རྫས་ཀྱི་བཅུ་ཆ་གསུམ་ས་གནས་ཀྱི་གྲོང་མིས་ཉོ་བ་དང་བཅུ་ཆ་བདུན་ཕྱིར་ཚོང་བྱེད་ཀྱི་ཡོད་ཅིང་། ཁྲོམ་ར་རྒྱ་ཆེར་སོང་བ་དང་ཕྱིར་ཚོང་གི་བསྡུར་ཚད་ཀྱང་ཆེ་རུ་འགྲོ་བཞིན་ཡོད། ཡུན་རིང་མ་སོང་གོང་ཐོན་པའི་སྤོས་དང་རྒུ་རུམ་གྱི་རྩམ་པ་གཅིག་རྗེས་གཉིས་མཐུད་ངང་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས་སུ་གྱུར་ནས་གྲོང་ཁྱེར་ཡོངས་སུ་སྤྱིའི་ཐོན་རྫས་སྒོར་དུང་ཕྱུར་36.6ཟིན་པའི་ས་གཙང་ཁེ་ལས་89ཡོད་པ་རེད།
         ཁོར་ཡུག་ལེགས་པར་བརྟེན་ལྷ་སའི་ཆུ་ཡང་ཁྲོམ་རའི་རྩ་ཆེའི་ཐོན་རྫས་སུ་གྱུར། བོད་རང་སྐྱོང་ལྗོངས་ལ་རང་བྱུང་ཆུའི་ཁེ་ལས་40ཙམ་ཡོད་པ་དེའི་ནང་ཁེ་ལས་25ལྷ་སར་ཡོད་པ་དང་། མིག་སྔར་འགན་འཇོག་ཁེ་ལས་12མང་དུ་ཕྱིན་ནས་གན་འཇོག་མ་དངུལ་སྒོར་དུང་ཕྱུར་43.88ཟིན་ཡོད། ལྗོངས་ཡོངས་སུ་ན་ནིང་རང་བྱུང་འཐུང་ཆུ་ཏུན་ཁྲི་30ཙམ་ཐོན་སྐྱེད་བྱས་ཡོད། བོད་དུ་འཛམ་གླིང་ཀུན་གྱིས་ཁས་ལེན་བྱེད་པའི་ཆུ་ཁུངས་ཡག་ཤོས་ཡོད་པར་བརྟེན་ས་གཙང་དེ་སྲུང་འཛིན་ཡག་པོ་བྱས་ཚེ་སླད་ཕྱིན་དཔག་མེད་ཀྱི་གཞི་ཁྱོན་ལྡན་པའི་ཁྲོམ་ར་ཞིག་ཡོང་ཤས་ཆེ།
         ཐོན་ཁུངས་གསར་སྤེལ་གཏིང་ཟབ་བྱེད། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་ཡོད་པའི་བདུད་རྩི་རྟགས་ཅན་བོད་སྨན་ལ་བོད་ཀྱི“ཐུང་རེན་ཐང”ཞེས་བརྗོད་ཚུལ་ཡོད་པ་དེའི་སྔོན་མིང་ནི་1696ལོར་བཙུགས་པའི་ལྕགས་པོ་རི་རིག་བྱེད་འགྲོ་ཕན་གླིང་ཡིན་ཞིང་། ལོ་བརྒྱ་ལྷག་ཙམ་རིང་ཁོང་ཚོའི་སྨན་རྫས་མང་པོ་བོད་རིགས་མང་ཚོགས་ཀྱིས་རྒྱུས་མངའ་ཤིན་ཏུ་ཆེ་བའི་ཐོན་རྫས་སུ་གྱུར་ཡོད། ད་ཆ་བཟོ་ཁུལ་གསར་པར་ཐོན་སྐྱེད་བྱེད་འགོ་ཚུགས་པའི་དེང་རབས་ཅན་གྱི་སྨན་བཟོའི་ཐོན་སྐྱེད་ལས་ཁྲི་ལྔ་པོར་བོད་སྨན་གྱི་སྲོལ་རྒྱུན་བཟོ་རྩལ་ལྟར་ཐོན་སྐྱེད་བྱེད་བཞིན་ཡོད་པ་དང་། ད་ལོའི་ལོ་སྟོད་དུ་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་2.5ཟིན་པ་དེའི་ནང་35%ཡན་རང་ལྗོངས་ཕུད་པའི་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་བྲིན་ཚོང་བྱས་པ་དང་བསྡུར་ཚད་ཀྱང་མང་དུ་འགྲོ་བཞིན་ཡོད་པ་རེད། ༼ འདི་ག་ཚགས་པར་གྱི་གསར་འགོད་པ། ཁྲེན་ཕུའུ་ཡུས་དང་། དབང་ཀྲི་ཆིའུ། ཝང་ཧན་ཁྲའོ་བཅས་ཀྱིས། ༽
      

    ཕྱོགས་བསྡུས་གསར་འགྱུར།