འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་དང་ཨེ་ཤེ་ཡ་ལྷོ་མའི་འབྲེལ་བའི་ཞིབ་འཇུག་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་02ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མི་དམངས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་བོད་ལྗོངས་མི་རིགས་སློབ་ཆེན་ཨེ་ཤེ་ཡ་ལྷོ་མ་ཞིབ་འཇུག་སོའོ་ཡིས་ལྷ་སར“རྒྱུད་གཅིག་ལམ་གཅིག”གི་རྒྱབ་ལྗོངས་འོག་བོད་དང་ཨེ་ཤེ་ཡ་ལྷོ་མའི་འབྲེལ་བའི་ཞིབ་འཇུག་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། བཞུགས་མོལ་ཚོགས་འདུའི་ཐོག་འགོ་ཁྲིད་དང་དེ་བཞིན་རིགས་གཅིག་མཁས་ཅན་དང་མཁས་དབང་12ཀྱིས་རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལག་ལེན་བསྟར་བའི་རྒྱབ་ལྗོངས་འོག་རིག་གཞུང་གི་ཐོག་ནས་བོད་དང་ཨེ་ཤེ་ཡ་ལྷོ་མའི་འབྲེལ་བའི་གནད་དོན་ལ་དམིགས་ཏེ་ཕྱོགས་མང་པོའི་བརྗོད་དོན་གཙོ་བོའི་གཏམ་བཤད་བྱས་པ་རེད།
         ཚོགས་ཞུགས་རིགས་གཅིག་མཁས་ཅན་ཚོས་ཨེ་ཤེ་ཡ་ལྷོ་མ་ནི་རང་རྒྱལ་གྱི་ཕྱི་ཕྱོགས་འབྲེལ་བའི་ནང་གི་འཐབ་ཇུས་དམིགས་ས་གལ་ཆེན་ཞིག་ཡིན་པ་དང་བོད་འདི་ཉིད་གནས་སའི་ས་མཚམས་དང་ཨེ་ཤེ་ཡ་ལྷོ་མའི་འབྲེལ་བ་གལ་འགངས་ཤིན་ཏུ་ཆེ་བས་རྒྱལ་སྲུང་སྲ་བརྟན་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་གལ་ཆེའི་གནས་བབ་དང་ཐད་ཀའི་འབྲེལ་བ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རིགས་གཅིག་མཁས་ཅན་ཚོས“རྒྱུད་གཅིག་ལམ་གཅིག”འཐབ་ཇུས་ཀྱི་རྒྱབ་ལྗོངས་ཆེན་པོའི་འོག་ཨེ་ཤེ་ཡ་ལྷོ་མའི་ལམ་ཆེན་དང་ཧི་མ་ལ་ཡ་སྐོར་བའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང། བོད་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་དབར་གྱི་དཔལ་འབྱོར་ཚོང་དོན་དང་། ཡུལ་སྐོར། རིག་གནས་སོགས་ཐད་ཀྱི་འབྲེལ་བར་སྐུལ་མ་གཏོང་བ། བོད་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པ་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པ་བཅས་ཐད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
         རིགས་གཅིག་མཁས་ཅན་ཚོས་ད་དུང་ཕྱི་འབྲེལ་དང་། དཔལ་འབྱོར་ཚོང་དོན། རྒྱལ་ཁབ་བདེ་འཇགས། རིག་གནས་སྤེལ་རེས། རིག་གཞུང་སྤེལ་རེས། དམངས་ཁྲོད་སྤེལ་རེས་བཅས་ཐད་དམིགས་ནས་རང་སོ་སོའི་ལྟ་ཚུལ་བཤད་པ་རེད། རིགས་གཅིག་མཁས་ཅན་འགས་ད་དུང་རང་རྒྱལ་གྱི་བོད་དང་ཁྱིམ་མཚེས་ཡིན་པའི་རྒྱལ་ཁབ་འགའ་ཞིག་དང་རང་རྒྱལ་གྱི་བོད་ལྗོངས་ས་ཁུལ་དང་ཆོས་ལུགས་དང་རིག་གནས་སྤེལ་རེས་བྱེད་པའི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་ཐོག་ནས་ད་ཆ་བོད་དང་ཨེ་ཤེ་ཡ་ལྷོ་མའི་དབར་གྱི་འབྲེལ་བར་ཤུགས་སྣོན་རྒྱག་པའི་དགོས་ངེས་རང་བཞིན་དང་དངོས་ཡོད་ཀྱི་གལ་ཆེའི་རང་བཞིན་སྐོར་གླེང་མོལ་བྱས་ནས་དེ་ནི་བོད་དང་ཨེ་ཤེ་ཡ་ལྷོ་མའི་འབྲེལ་བར་ཞིབ་འཇུག་ཡག་པོ་བྱེད་པའི་རྨང་གཞི་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ད་དུང་འགོ་ཁྲིད་དང་རིགས་གཅིག་མཁས་ཅན་འགས་བོད་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་དབར་གྱི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་སྔར་བས་ཡག་ཏུ་ཕྱིན་པ་དང་དུས་མཚུངས་བོད་ལྗོངས་ནང་ཁུལ་གྱི་མཐོ་སློབ་ཀྱིས་འབྲེལ་ཡོད་ཨེ་ཤེ་ཡ་ལྷོ་མའི་གནད་དོན་ལ་ཞིབ་འཇུག་བྱེད་མཁན་ཆེད་ལས་ཤེས་ལྡན་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆེད་ལས་འཛུགས་མགྱོགས་སུ་གཏོང་དགོས་ཞེས་བཤད་པ་རེད།
         ཚང་མས་བོད་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པར་རང་རྒྱལ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དབར་གཉིས་ཁེ་གཉིས་ཕན་གྱི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པ་དང་རྒྱལ་སྤྱིའི་རྣམ་པ་གསར་པ་ཞིག་གཏོད་པར་དོན་སྙིང་གལ་ཆེན་ལྡན་པ་མགྲིན་གཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རིགས་གཅིག་མཁས་ཅན་གྱིས་ཞིབ་བསྡུར་དང་སྤེལ་རེས་བྱེད་སྐབས་ཨེ་ཤེ་ཡ་ལྷོ་མར་ཞིབ་འཇུག་བྱེད་སྐབས་སྒོ་བརྒྱབ་ནས་ཞིབ་འཇུག་བྱས་ཏེ་མི་སྡོད་པར་ཕྱིར་བསྐྱོད་ནས་ཁ་གཏད་ཕྱོགས་ཀྱི་དོན་དངོས་དང་དགོས་མཁོ་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ཕྱོགས་གཉིས་པོའི་དོན་དངོས་དང་དགོས་མཁོ་སྦྲེལ་མཐུད་བྱེད་པ་དང་ཐབས་ལམ་མང་པོའི་ཐོག་ནས་རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་བྱས་ཏེ་རྒྱལ་ཁབ་ཀྱི་ཐབས་ཇུས་ལ་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱེད་དགོས་ཞེས་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།