འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེ་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་28ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         —— སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱེད་དགོས་པའི་སྐོར་གྱི་གླེང་ཐེངས་དང་པོ།
         “བོད་ཀྱི་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་དང་འབྲེལ་བ་ཡོད”ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཁྱོན་ཡོངས་ནས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་དང་། ཏང་གི་བོད་སྐྱོང་ཇུས་ཆེན་སྒོ་ཀུན་ནས་རྒྱས་བཤད། དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་རྒྱས་གླེང་གཏིང་ཟབ་བཅས་གནང་ནས། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁོང་དུ་ཆུད་རྒྱུར་བསམ་བློའི་ངོས་འཛིན་གཅིག་གྱུར་བྱུང་བ་དང་། བོད་ཀྱི་ལས་དོན་སྔར་བས་ལེགས་པར་སྒྲུབ་ཆེད་བྱ་སྤྱོད་ཀྱི་ཕྱོགས་སྟོན་བསྟན་གནང་ཡོད།
         ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ཏང་ཀྲུང་དབྱང་གིས་བཏོན་པའི་བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་ཞིག་རེད། རྩ་དོན་གལ་ཆེན་འདི་ནི་བོད་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་དམིགས་པ་དང་བོད་ཀྱི་དོན་དངོས་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ། ང་ཚོའི་ཏང་གིས་ལོ་60ལྷག་ཙམ་རིང་བོད་འདི་ཇུས་འགོད་བདག་གཉེར་གནང་བའི་ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་དང་སྙིང་བསྡུས་བྱས་པ་ཞིག་ཡིན་པས་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་པ་དང་། བོད་དང་སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་མ་གཏོང་བའི་རྩ་བའི་བསྲུང་བྱ་ཞིག་རེད། བོད་འབྲེལ་ལས་དོན་ལ་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན་ཆེ་བས་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ངེས་པར་དུ་རྩ་དོན་གལ་ཆེ་དེའི་དགོངས་དོན་གྱི་ངོ་བོ་དང་ནང་དོན་ཟབ་མོར་གོ་བ་གཏིང་ཟབ་བླངས་ནས་ཉེན་བསམ་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཆེ་རུ་ཏན་ཏིག་བཏང་སྟེ་བོད་ཀྱི་ལས་དོན་རྒྱུན་སྲིང་ལྷོད་མེད་ངང་དེ་བས་ལེགས་པོས་སྒྲུབ་དགོས།
         རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས། ལོ་60ལྷག་ཙམ་གྱི་མཐའ་སྐྱོང་བོད་བརྟན་གྱི་ལག་ལེན་ཉམས་མྱོང་ནང་ང་ཚོའི་ཏང་ལ་བོད་ཀྱི་དོན་དངོས་དང་འཚམས་པ་དང་སྤྱོད་གོ་ཆོད་པའི་བོད་སྐྱོང་ཇུས་ཆེན་ཞིག་ཆགས་ཡོད། ལོ་ངོ་60ལྷག་ཙམ་རིང་ང་ཚོའི་ཏང་གིས་བོད་དུ་བྱ་བ་ཆེན་པོ་ལྔ་བསྒྲུབས་ནས་བོད་ལ“དུས་ཐུང་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུའི”མི་ཡུལ་གྱི་བྱས་རྗེས་ངོ་མཚར་བཏོད་ཐུབ་པ་བྱུང་ཡོད། ད་ཕན་ལོ་ཤས་རིང་བོད་ཀྱི་ལས་དོན་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་དགོས་པའི་གྲུབ་འབྲས་གསར་པ་ཐོབ་དོན་མདོར་བསྡུས་ནས་བཤད་ན། ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས་དང་ལག་ལེན་བསྟར་བས་རེད། དུས་བབ་གསར་པའི་འོག་ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས་དང་བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱས་ན་བོད་འདི་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་ཐུབ།
         བོད་ལྗོངས་བརྟན་ལྷིང་ཞི་མཐུན་དང་མི་དམངས་བདེ་སྡོད་ལས་བརྩོན་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གནས་ས་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་བསམ་འདུན་ཞིག་རེད། བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེའི་དགོངས་དོན་གྱི་ངོ་བོ་ནི། རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུ་འགན་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བར་འགན་ལེན། སྣོད་བཅུད་ཁོར་ཡུག་བཟང་པོ་ཡོང་བར་འགན་ལེན་བཅས་བྱེད་དགོས། མཐར་གཏུགས་ནས་བརྗོད་ན། བོད་བརྟན་དམངས་བདེ་དང་དམངས་ཕྱུག་བོད་དར་གྱི་ཆེད་དུ་རེད།
         ཁྲིམས་ལྟར་བོད་སྐྱོང་ཇི་ལྟར་བྱེད་དགོས་སམ་ཞེ་ན། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་དང་བཅའ་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱེད་དགོས། དམངས་ཕྱུག་བོད་དར་ཇི་ལྟར་བྱེད་དགོས་སམ་ཞེ་ན། མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་དེ་བོད་དར་གྱི་རྩ་བའི་གཞི་ཚུགས་ས་དང་དོན་ལ་བབས་སར་བརྩིས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་དེ་བས་ལེགས་པ་ཐུབ་པ་བྱེད་དགོས། ཡུན་རིང་བོད་སྐྲུན་ཇི་ལྟར་བྱེད་དགོས་སམ་ཞེ་ན། གཟབ་ནན་བརྟན་སྐྱོད་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་ལས་དོན་ཐམས་ཅད་ཕུགས་ལ་བསམ་པ་དང་བྱ་ཐབས་ཐམས་ཅད་རྒྱུན་སྲིང་རང་བཞིན་ལྡན་ཐུབ་པ་བྱེད་དགོས། མི་སེམས་གཅིག་འགྲིལ་ཇི་ལྟར་བྱེད་དགོས་སམ་ཞེ་ན། དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་ཟུང་འབྲེལ་བྱས་ནས་མི་སེམས་དང་སྟོབས་ཤུགས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐོག་གཅིག་འགྲིལ་བྱེད་དགོས། རྨང་གཞི་བརྟན་གཏོང་ཇི་ལྟར་བྱེད་དགོས་སམ་ཞེ་ན། རྩ་ལག་མཉམ་བཅོས་དང་རྩ་བཅོས་གལ་ཆེར་བཟུང་ནས་གཞི་རིམ་རྩ་འཛུགས་བརྟན་དུ་གཏོང་བ་དང་རྨང་གཞིའི་ལས་དོན་ཏན་ཏིག་སྒྲུབ་དགོས། བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེའི་དགོངས་དོན་གྱི་ངོ་བོ་དང་ནང་དོན་ཟབ་མོ་ཁོང་དུ་ཆུད་པ་དང་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་ལེན་ནན་ཏན་བསྟར་ཚེ། གཞི་ནས་བོད་ཀྱི་ལས་དོན་གྱི་རྣམ་པ་གསར་པ་གཏོད་ཐུབ་པ་དང་། གཞི་ནས་བོད་ཀྱི་རྣམ་པར་འགྱུར་ལྡོག་གསར་པ་ཡོང་སྲིད། བོད་ལྗོངས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པ་མ་ཟད། སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་དང་། འཐབ་ཇུས་ཐོན་ཁུངས་གསོག་འཇོག་གི་རྟེན་གཞི་གལ་ཆེན། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་གལ་ཆེན། ཀྲུང་ཧྭ་མི་རིགས་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན། འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་བཅས་ཀྱང་རེད། བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པ་དང་བོད་ཀྱི་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབས་ཚེ། གངས་ལྗོངས་ས་མཐོ་དེ་བས་མཛེས་སྡུག་ལྡན་པ་དང་མི་རིགས་ཁག་གི་མི་དམངས་དེ་བས་བདེ་སྐྱིད་ཁམས་བཟང་ཡོང་ངེས་རེད། ༼ མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས། ༽
      

    ཕྱོགས་བསྡུས་གསར་འགྱུར།