འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་ལྗོངས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་13ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         གངས་ལྗོངས་ས་མཐོ་ནི་རི་བོའི་འབྱུང་གནས་དང་ཆུ་བོའི་འབྱུང་ཁུངས་ཡིན། མཚོ་བོད་ས་མཐོར་རི་བོ་འགྱིང་ངེར་གནས་པ་དང་འབབ་ཆུ་ཆེན་པོ་ལང་ལོང་དུ་འཕྱུར་ནས་བརྗིད་ཆགས་ཉམས་དང་ལྡན་པར་གྱུར་ཡང་དེས་རྐྱེན་པས་ཕྱི་རོལ་དང་བར་ཆད། མཁའ་ལམ་ཤར་གཏོང་ཐུབ་པ་དང་རེ་བ་འཕེལ་བ་བྱས་ནས་འཛམ་གླིང་དང་འདྲེས་པ་སོགས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50རིང་གི་མཆོང་སྐྱོད་མཐའ་དག་ནི་ལོ་ངོ་སྟོང་ཚོའི་ནང་མ་བྱུང་བའི་འགྱུར་ལྡོག་ཆེན་པོ་དང་དཀའ་སྤྱད་འབད་འཐབ་ཀྱི་ལེའུ་ཞིག་རེད།
         མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་། “གློག་ཤུགས་མཁའ་ལམ”ལས་ཁྱིམ་ཚང་ཀུན་ལ་འོད་སྣང་སྦྱིན་པ། ཀྲུང་གོའི་གཞུང་ལམ་ཤར་གཏོང་མ་ཐུབ་པའི་རྫོང་མཐའ་མ་ཡིན་པའི་མེ་ཏོག་རྫོང་ལ་མཐར་རླངས་འཁོར་ཤར་གཏོང་ཐུབ་པ་བཅས་བྱུང་བས་མི་རིགས་ཁག་གི་མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་བྱས་ནས་དགའ་སྤྲོའི་དཔལ་ལ་རོལ།
         བོད་ཀྱི་ས་གཞི་ཆེ་མོར་དཔྱིད་རྨོད་བྱེད་རིང་ཞིང་ལས་འཕྲུལ་ཆས་བེད་སྤྱོད་གཏོང་བ་དང་། འོད་ཧྥུའུ་དང་། ས་འོག་ཚ་ནུས། རླུང་ནུས་བཅས་ལས་བཟོ་ལས་གླིང་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ། རི་གསེབ་ཀྱི་དྭངས་གཙང་གཏེར་ཆུ་ཐུམ་བརྒྱབ་ནས་ཕྱིར་འདྲེན་བྱེད་པ། བོད་ཀྱི་སྤུས་རྟགས་ཐོན་རྫས་ཕྱོགས་བཞི་མཚམས་བརྒྱད་དུ་ཕྱིར་ཚོང་བཅས་བྱས་པས་གངས་ལྗོངས་ས་མཐོའི་བུ་ཕྲུག་རྣམས་སྤྲོ་སེམས་རབ་ཏུ་འཕེལ་བར་གྱུར།
         ལོ་50ཡི་རིང་རྒྱལ་ཁབ་ཀྱིས་གནད་ཆེའི་རྣམ་གྲངས་ལག་ལེན་བསྟར་ནས་ཤུགས་རྐྱེན་ཟབ་མོ་ལྡན། སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་མ་འཇོག་ཁྱོན་སྒོར་དུང་ཕྱུར་7000ལོན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་ཉེ་བའི་ལོ་གསུམ་རིང་མ་འཇོག་ཁྱོན་སྒོར་དུང་ཕྱུར་3400ལས་བརྒལ་ཡོད། 1965ལོ་དང་བསྡུར་ན་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་ལྡབ་300ཙམ་འཕར་ནས་ལོ་20བསྟུད་མར་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལོར་ཆ་སྙོམས་བྱས་ན་12.4%འཕར་བ་དེ་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་མྱུར་ཚད་ཅིག་ཡིན་པ་དང་གངས་ལྗོངས་ས་མཐོར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།
         མཁའ་ལམ་ཤར་གཏོང་ཐུབ་པ།
         ས་མཐོར་ཆུ་གཏིང་ཟབ་ལ་རྒྱུག་ཤུགས་ཆེ་བ་དང་རི་བོ་མཐོ་ལ་གཡང་གཟར་པོ་ཡོད་པས་སུ་འདྲ་ཞིག་གིས་ཟམ་སྐྲུན་ལམ་བཟོ་བྱས་ཚེ་ས་གནས་དེ་གའི་མི་སེར་གྱིས་མི་རབས་ནས་མི་རབས་བར་དེ་སེམས་ནང་ངེས་ཀྱི་ཡོད། ཚེ་གང་གཙང་པོ་ཆེན་པོ་དང་འབབ་ཆུ་དྲག་པོར་ལྕགས་ཐག་ཟམ་པ་58བསྐྲུན་པའི་ཐང་སྟོང་རྒྱལ་པོར་ལོ་600ཡི་རིང“ལྕགས་ཟམ་རིན་པོ་ཆེ”ཞེས་པའི་གུས་མིང་ཐོབ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་རྗེས་ཀྱི་དུས་དེར་ཏང་དང་སྲིད་གཞུང་གིས་མི་སེར་ཚོའི་བསམ་འདུན་མངོན་འགྱུར་བྱས་ནས་བོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་སྤྱིར་ན་སྐྲུན་ཟིན་པའི་ཁྱབ་བསྒྲགས་བྱས་ཡོད།
         བོད་རྙིང་པར་ཕོ་བྲང་པོ་ཏ་ལ་ནས་ནོར་བུ་གླིང་ཁའི་བར་གྱི་ལམ་བུ་སྤྱི་ལེ་གཉིས་ཕུད་རླངས་འཁོར་གཏོང་ཐུབ་པའི་ལམ་བུ་གཞན་གང་ཡང་མེད། ལྷ་ས་ནས་གཞིས་རྩེའི་བར་གྱི་འགྲིམ་འགྲུལ་ལམ་ཐིག་གལ་ཆེན་དེ་ནི་རྟ་དྲེལ་ལམ་ཡིན་པ་དང་། དོན་དངོས་ཐོག་རྟ་དྲེལ་འགྲོ་དཀའ་བ་མ་ཟད་མིའང་འགྲོ་ཧ་ཅང་ཁག་པོ་ཡོད། ད་ཆ་ལྷ་ས་ལྟེ་བར་བྱས་ནས“འཕྲེད་གསུམ་གཞུང་གཉིས་ཤར་བགྲོད་དྲུག་”བྱུང་ནས་ཤར་སི་ཁྲོན་དང་ཡུན་ནན་དང་སྦྲེལ་མཐུད་དང་། ནུབ་ཤིན་ཅང་དང་སྦྲེལ་མཐུད། བྱང་མཚོ་སྔོན་དང་སྦྲེལ་མཐུད། ལྷོ་ནེ་པ་ལ་དང་རྒྱ་གར་ལ་ཤར་བགྲོད་ཐུབ་པ་བཅས་ཀྱི་གཞུང་ལམ་ཞིག་ཆགས་ཡོད།
         ན་ནིང་གི་ལོ་མཇུག་བར་ལྗོངས་དེ་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་7.5ཟིན་ནས་རྫོང་89%ལ་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་དང་། ཤང་དང་གྲོང་རྡལ་99.7%དང་སྒྲིག་ཚང་གྲོང་ཚོ་99.2%ལ་གཞུང་ལམ་ཤར་གཏོང་ཐུབ་པ་མ་ཟད་གྲོང་མི་18ལས་མེད་པའི་ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་གི་ཡུལ་སྨད་ཤང་ལའང་རླངས་འཁོར་ཤར་གཏོང་ཐུབ་ཡོད། 2013ལོའི་ཟླ་10ཚེས་31ཉིན“ས་གཤིས་གནོད་འཚེའི་བཤམས་མཛོད་ཁང”ཞེས་བརྗོད་ཚུལ་ཡོད་པའི་མེ་ཏོག་གཞུང་ལམ་གཞི་ནས་རླངས་འཁོར་ཤར་གཏོང་ཐུབ་ནས་ཀྲུང་གོའི་རླངས་འཁོར་ཤར་གཏོང་ཐུབ་པའི་རྫོང་མཐའ་མར་གྱུར་པ་དང་། ཉིང་ཁྲིར་སྐྱོད་པའི་དུས་ཚོད་ནི་ཉིན་གཉིས་ནས་ཆུ་ཚོད་བདུན་བར་ཐུང་དུ་ཕྱིན་ཡོད་པ་རེད།
         མེ་ཏོག་གི་རིང་ཚད་སྤྱི་ལེ་བརྒྱ་ཟིན་པའི་གཞུང་ལམ་དེ་ལོ་50ཡིས་དཀའ་སྤྱད་འབད་འབུངས་བྱས་པ་ལས་བྱུང་བ་ཞིག་རེད། རི་ཉིལ་བ་དང་། གས་རྡིབ། འདམ་རྡོའི་ཆུ་རུད། ཆུས་འཁྱེར་བ། གངས་རྡིབ་སོགས་བྱེད་ས་ཁག་425ཡོད་པ་དང་ལོ་ལྟར་ས་ཡོམ་ཐེངས་400ལྷག་ཙམ་རྒྱག་གི་ཡོད་པས་གཞུང་ལམ་ལོ་ལྟར་སྐྲུན་ཡང་ལོ་ལྟར་གཏོར་སྐྱོན་དུ་སོང་ནའང་ད་དུང་མུ་མཐུད་སྐྲུན་གྱི་ཡོད་པ་རེད། 1965ལོར“མི་བརྒྱད་ཀྱིས་རང་སྲོག་བློས་གཏོང་བྱས་ནས་གཞུང་ལམ་སྤྱི་ལེ་བརྒྱད་སྐྲུན” 1994ལོར་གཞུང་ལམ་གཞི་ནས་རྫོང་གྲོང་དུ་ཤར་གཏོང་ཐུབ་ཀྱང་མཚན་དེ་གར་ཆུ་ལོག་གིས་འཁྱེར་ནས་བེད་མེད་དུ་གྱུར། རླངས་འཁོར་ཤར་གཏོང་མ་ཐུབ་གོང་དངོས་ཟོག་སྐྱེལ་འདྲེན་བྱེད་པར་སྒལ་པར་ཁུར་དགོས་པར་བརྟེན་སྐབས་དེར་ཨར་འདམ་ཏུན་གཅིག་ལ་སྒོར་1200དང་བྱ་དེ་གཅིག་ལ་སྒོར་150དགོས་ཀྱི་ཡོད་པ་དང་། ཤིང་ཏོག་ངང་ལག་སྨིན་ན་ཕག་པར་སྟེར་གྱི་ཡོད། ད་ཆ་མེ་ཏོག་རྫོང་གི་ཟོག་གོང་ཆག་པ་མ་ཟད་ཡུལ་སྐོར་བ་ལོ་རེ་བཞིན་ལྡབ་འཕར་བྱུང་ནས་རྡོ་ཁོག(ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས)ཕྱིར་ཚོང་བྱེད་ཚད་ལྡབ་བརྒྱད་ཙམ་འཕར་ནས་འཕེལ་རྒྱས་འགྲོ་མགྱོགས་ཤོས་ཀྱི་ཐོན་ལས་ཤིག་ཏུ་གྱུར་ཡོད། མེ་ཏོག་བ་རི་གྲོང་ནས་ཕྱི་རོལ་དུ་སྐྱོད་པ་དང་དུས་མཚུངས་ལྷ་ས་ནས་ཉིང་ཁྲིའི་བར་གྱི་རིམ་མཐོའི་གཞུང་ལམ་གྱི་དུས་ཐེངས་དང་པོའི་ལས་གྲྭ་མཇུག་འགྲིལ་ཉེར་ཡོད་པས་བོད་ཀྱི་དོན་སྙིང་ངོ་མའི་ཐོག་གི་མྱུར་བགྲོད་གཞུང་ལམ་ཐོག་མ་ཡོད་པ་བྱེད་པའི་ཕུགས་འདུན་མངོན་འགྱུར་ཐུབ་རྒྱུ་ཡིན་པ་རེད།
         མེ་ཏོག་གི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དེ་གངས་ལྗོངས་ས་མཐོའི་བསྡུས་རིས་ལྟ་བུ་ཡིན། མཚོ་བོད་ལྕགས་ལམ་གཉེར་སྐྱོང་བྱེད་འགོ་ཚུགས་ནས་ལོ་9ཏག་ཏག་འཁོར་ཡང་བྱང་ཐང་གི་འབྲོག་པ་ཚོས་སྔར་བཞིན་འཕུར་བ་ལྟར་རྒྱུག་ཡོང་བའི་མེ་འཁོར་ལ་ལག་པ་གཡུག་གཡུག་བྱེད་ཀྱི་ཡོད། གངས་ལྗོངས་ས་མཐོའི་ལྕགས་ལམ་ཐོག་མ་ཡིན་པའི་ལྕགས་ལམ་དེ་སླར་ཡང་སྣུར་སྲིང་བྱས་ཏེ་ལྷ་ས་ནས་གཞིས་རྩེའི་བར་ཤར་གཏོང་བྱས་པ་དང་། སླད་ཕྱིན་མངའ་རིས་བརྒྱུད་ཤིན་ཅང་ལ་ཤར་གཏོང་ཐུབ་རྒྱུ་རེད།
         ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་ཉིན་མཚན་མེད་པར་སྐྲུན་བཞིན་ཡོད་པས། སླད་ཕྱིན་ཀྲུང་གོའི་ལྷོ་ནུབ་སྦྲེལ་མཐུད་བྱེད་པའི་ཁྲོན་བོད་ལམ་ཆེན་དུ་བསྒྱུར་རྒྱུ་ཡིན་ཞིང་། ལྕགས་ལམ་བསྐྲུན་པས་དཔལ་འབྱོར་མྱུར་དུ་འཕེལ། ལོ་དགུའི་རིང་མཚོ་བོད་ལྕགས་ལམ་བརྒྱུད་དབོར་འདྲེན་བྱས་པའི་དངོས་རྫས་ཏུན་ཁྲི་2388ཟིན་པ་དང་བོད་ནས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་1655ཟིན་ཡོད་པ་རེད།
         གསོ་རླུང་མི་འདང་བ་དང་། གནམ་གཤིས་རྙོག་འཛིང་ཆེ་བ། ཆ་སྙོམས་ས་བབ་སྨི་4000ཟིན་པའི“བར་སྣང་འགོག་ཁུལ”དུ་དམངས་སྤྱོད་མཁའ་འགྲུལ་གྱི་མཁའ་ལམ་ཤར་གཏོང་ཐུབ་ཅིང་། 1966ལོའི་ཟླ་གསུམ་པར་པེ་ཅིང་ནས་ཁྲེང་ཏུའུ་དང་ལྷ་སའི་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་དང་། ལོ་50རིང་བོད་དུ་དམངས་སྤྱོད་མཁའ་འགྲུལ་གྱི་མཁའ་ལམ་58ཤར་གཏོང་ཐུབ་ཡོད། གྲོང་ཁྱེར་38ལ་མཁའ་ལམ་ཤར་གཏོང་ཐུབ་ནས་ལྷ་སའི་གོང་དཀར་གནམ་ཐང་གིས་ལྟེ་བ་དང་ཆབ་མདོའི་སྤང་མདའ་དང་། ཉིང་ཁྲིའི་སྨན་གླིང་། མངའ་རིས་ཀྱི་དགུན་ས། གཞིས་རྩེ་བཅས་ཀྱིས་ཡན་ལག་ཏུ་བྱས་པའི་དམངས་སྤྱོད་མཁའ་འགྲུལ་གནམ་ཐང་ཆེ་གྲས་ལྔའི་དྲ་བ་ཞིག་ཆགས་པ་དང་། 2014ལོར་མཁའ་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་315ཟིན་པ་དེ་བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་སྡོད་མི་འབོར་དང་གཅིག་མཚུངས་ཡིན་པ་རེད།
         དེ་སྔོན་བོད་དུ་གློག་ཤུགས་ཤིན་ཏུ་དཀོན། 2011ལོའི་ལོ་མཇུག་ཏུ་མཚོ་བོད་དྲ་སྦྲེལ་འདུ་འགོད་འཁོར་རྒྱུག་བྱས་པ་དང་། འཛུགས་སྐྲུན་ལ་ཞུགས་མཁན་མི་ཁྲི་གསུམ་གྱིས་མཐོ་གྲང་དང་རླུང་འཚུབ་ཁྲོད་དཀའ་སྡུག་ལ་མ་འཛེམས་པར་དཀའ་ཚེགས་ཤིན་ཏུ་ཆེ་བའི་སྐུད་ལམ་ཁྲིད་ནས་བོད་ཀྱི་དགུན་དུས་སུ་གངས་འབབ་པའི་སྐབས་བུད་ཤིང་སྐྱེལ་བ་ལྟ་བུར་གྱུར། 2014ལོར“གློག་ཤུགས་མཁའ་ལམ”གཉིས་པ་ཁྲོན་བོད་དྲ་སྦྲེལ་བྱས་ནས་བོད་ཤར་ཁུལ་གྱི་གློག་དྲ་ཁེར་རྐྱང་གི་གནས་ཚུལ་མཇུག་འགྲིལ་བ་རེད། ད་ལོའི་དགུན་དུས་དང་དཔྱིད་དུས་སུ་ལྷ་སར་གློག་ཚོད་འཛིན་བྱེད་མི་དགོས་པར་འགྱུར་བ་དང་། ད་ལོའི་དབྱར་དུས་སུ་བོད་དུ་གློག་ཤུགས་འབེལ་པོ་ཡོད་པ་མ་ཟད། ད་དུང་གྲུབ་འབྲས་ཐོབ་པའི་ངང་གློག་ཕྱིར་གཏོང་ཐུབ་པ་རེད།
         བོད་ཀྱི་ཆུ་ནུས་དང་། གློག་ནུས། ས་འོག་ཚ་ནུས། རླུང་ཤུགས་བཅས་ནུས་རྒྱུའི་སྤྱི་འབོར་ནི་རྒྱལ་ཡོངས་ཀྱི་ཨང་དང་པོར་གནས་ཀྱང་། གློག་དཀོན་པའི་ཚོད་འཛིན་ཕོག་ནས་གསར་སྤེལ་བྱེད་དཀའ་བར་གྱུར། “གློག་མི་འདང་བའི”གནས་ཚུལ་ལས་འཕེལ་རྒྱས་ལ་ཚོད་འཛིན་ཆེན་པོ་ཕོག བཅིངས་འགྲོལ་མ་བཏང་གོང་བོད་དུ་དེ་སྔོན་དོག་སྡེ་ཤང་དུ་ཆུ་ཤུགས་གློག་ཁང་དང་པོ་བསྐྲུན་པ་དེ་ལྷ་སའི་དཔོན་ཆེན་མི་དྲག་ཁག་གཅིག་ལ་མ་གཏོགས་གློག་མཁོ་འདོན་བྱེད་ཀྱི་མེད་པ་དང་། 1946ལོར་གློག་ཁང་རྙིང་པར་གྱུར་ནས་སྒོ་རྒྱག་དགོས་བྱུང་བ་རེད། ད་ཆ་རང་སྐྱོང་ལྗོངས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་མང་ཤོས་ཀྱི་ཆུ་གློག་རྣམ་གྲངས་ཡིན་པའི་ཡར་ཀླུང་གཙང་པོའི་གཞུང་རྒྱུན་གྱི་རྫམ་གློག་ཁང་དྲ་སྦྲེལ་གློག་གཏོང་ཐུབ་ནས་བོད་ཀྱིས་ཆུ་ཤུགས་གསར་སྤེལ་ཆེ་མོ་བྱེད་འགོ་ཚུགས་པ་རེད། ཕུ་མདོ་ཆུ་བེད་ལྷུ་ལག་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། འགོ་མདོ་ཆུ་ཤུགས་གློག་ཁང་གི་ཆུ་གཅོད་པ། རྡོ་ཕུར་ཆུ་ཤུགས་གློག་ཁང་བསྐྲུན་རྒྱུའི་གྲ་སྒྲིག་བཅས་བྱས་ནས་ལྗོངས་ཡོངས་སུ་གློག་ཁྱབ་ཡོད། གྲོང་ཁྱེར་གྱི་གློག་དྲ་སྒྲིག་སྦྱོར་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་བྱེད་པ། གློག་མེད་ས་ཁུལ་ལ་གློག་སྐུད་ཁྲིད་ནས་2012ལོའི་ལོ་མཇུག་ཏུ་སྲིད་འཛིན་གྲོང་ཚོ་ཚང་མར་གློག་ཤར་གཏོང་ཐུབ་པ་རེད།
         1993ལོར་ལྷ་སར་ཀྲའོ་900ཡི་སྦྲང་ཚང་རྣམ་པའི་སྒུལ་བདེའི་ཁ་པར་ཤར་གཏོང་ཐུབ་ནས་གངས་ལྗོངས་ས་མཐོར་ཐོག་མར“ཏ་ཀེ་ཏ”ཁ་པར་སྤྱོད་འགོ་ཚུགས། ད་ཆ་ལྗོངས་ཡོངས་སུ་འོད་སྐུད་དང་། སྲུང་སྐར། དྲ་བ་བཅས་ཀྱིས་གཙོ་བོར་བྱས་པའི་འཕྲིན་གཏོང་མ་ལག་རིམ་བཞིན་འཐུས་ཚང་དུ་ཕྱིན་ནས་སྤྱི་ལེ་ཁྲི་9.7ཡོད་པའི་འོད་སྐུད་ཤང་གྲོང་98%ལ་ཁྱབ་པ་དང་། དྲ་སྦྲེལ་སྤྱོད་མཁན་གྱིས་ལྗོངས་ཡོངས་ཀྱི་མི་འབོར་གྱི་བཅུ་ཆ་བདུན་ཡན་ཟིན་པ། ཞིང་འབྲོག་ཁུལ་དུ་སྒུལ་བདེའི་དྲ་སྦྲེལ་ཁྱབ་ཚད་65%ལས་བརྒལ་ནས་འབྲོག་པས་རྟ་བཞོན་གིན་དྲ་ཞུགས་བྱེད།
         མ་འཇོག་གི་སྣེ་ཁྲིད་ནི་སྔར་བཞིན་བོད་ལྗོངས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གཙོ་བོ་ཡིན། 2014ལོར་ལྗོངས་ཡོངས་སུ་ཀྲུང་དབྱང་སྲིད་གཞུང་གི་མ་འཇོག་སྒོར་དུང་ཕྱུར་353དོན་འཁྱོལ་བྱས་པ་དེ་30.3%འཕར་བ་དང་། ཀྲུང་དབྱང་ཁེ་ལས་ཀྱི་མ་འཇོག་སྒོར་དུང་ཕྱུར་100དོན་འཁྱོལ་བྱས་པ་དེ58.7%འཕར་བ། དམངས་ཁྲོད་མ་འཇོག་སྒོར་དུང་ཕྱུར་300དོན་འཁྱོལ་བྱས་པ་དེ་30.6%འཕར་བས་རོགས་སྐྱོར་ནས་རང་འཕེལ་བར་འཕེལ་རྒྱས་ཀྱི་འཇུར་མིག་ལས་རིམ་བཞིན་ཚད་འགལ་བྱུང་ནས་ས་མཐོ་འདི་ཉིད་སྒོ་མོ་དབྱེ་བར་གྱུར།
         དབྱར་མཚོ་རྒྱས་པ་ལྟར་འཚར་ལོངས་བྱུང་བ།
         ད་ལོའི་བོད་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་བོད་ཀྱི་ས་ཆ་མང་པོས་དཔྱིད་རྨོད་ཀྱི་མཛད་སྒོ་གཟབ་རྒྱས་སྤེལ་ཞིང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་རྒུ་རུམ་ཤང་དུ་མི་རྣམས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ནས་ཞིང་ལས་ཡོ་བྱད་ཁྱེར་ཏེ་ཞིང་ནང་དུ་ཕྱེ་མར་དང་ཆང་ཕུད་ཁྱེར་ནས་བྱ་དངོས་ཡོད་དགུ་བསྐྱར་གསོས་བྱེད་པའི་དུས་དེར་ལོ་ལེགས་བཟང་པོ་ཡོང་བའི་སྨོན་འདུན་ཞུས་པ་རེད། དཔྱིད་རྨོད་མཛད་སྒོ་ནི་བོད་ཀྱི་ལོ་གསར་རྗེས་ཀྱི་དུས་ཆེན་གལ་ཆེན་གཉིས་པ་དེ་ཡིན་ཞིང་། མེས་པོ་ཚོས་མི་ཤུགས་ལ་བརྟེན་ནས་ཞིང་འདེབས་པ་ནས་རྗེས་སུ་ཕྱུགས་ལ་བརྟེན་ནས་ཞིང་འདེབས་པའི་བར་དང་། ད་ཆ་དར་ཚོན་གྱིས་རྒྱན་པའི་འདྲུད་འཐེན་འཕྲུལ་འཁོར་གྱིས་བཀྲ་ཤིས་པའི་དུས་སུ་གཅིག་གྱུར་ངང་རྨོད་འདེབས་བྱེད་ཀྱི་ཡོད།
         བོད་ཀྱི་ཞིང་ལས་ཐོན་སྐྱེད་བྱེད་སྟངས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དེར་མི་རྣམས་སེམས་འགུལ་ཟབ་མོ་ཐེབས། 1962ལོར་གཞི་ནས་རྫོང་དང་ཤང་མི་ཉུང་བར་ཞིང་ལས་ཡོ་བྱད་ཁྱབ་གདལ་གཏོང་འགོ་ཚུགས་ནས་དེ་སྔོན་ཤིང་གཤོལ་སྤྱད་དེ་རྨོད་འདེབས་བྱེད་པ་དང་། མི་ཐབས་ལ་བརྟེན་ནས་བརྔ་བསྡུ་བྱེད་པ། ཕྱུགས་འཆག་སྒོར་བ་སོགས་ཀྱི་གདོད་མའི་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས་ལྕགས་གཤོལ་དང་། ཟོ་ར། རྡོ་རིལ་བཅས་བེད་སྤྱོད་གཏོང་འགོ་ཚུགས། ལོ་བཅུ་ལྷག་ཙམ་རིང་ཞིང་ལས་འཕྲུལ་ཆས་རིམ་བཞིན་ཁྱབ་གདལ་འགྲོ་བ་དང་སྦྲགས“རྨོན་མཛོ་གཉིས་སྦྲེལ”གྱི་རྨོན་ལས་བྱེད་སྟངས་ལོ་རྒྱུས་སུ་གྱུར།
         བོད་ཀྱི་དེང་རབས་ཞིང་ལས་འཕྲུལ་ཆས་དཔེ་སྟོན་རྫོང་ཐོག་མ་གཞིས་རྩེ་པ་སྣམ་རྫོང་དཔའ་རྩལ་ཤང་བན་ཚང་གྲོང་ཚོའི་སྤེན་པ་དོན་གྲུབ་ཁྱིམ་གྱི་ས་ཞིང་མུའུ་43མི་ཕྱུགས་གཉིས་ཀར་བརྟེན་ཚེ་ཟླ་གཅིག་ནང་གཞི་ནས་བཏབ་ཚར་གྱི་ཡོད། ད་ཆ་ཞིང་ལས་འཕྲུལ་ཆས་ལས་སྒྲུབ་ཀུང་སིའི་འདྲུད་འཐེན་འཕྲུལ་འཁོར་ཆེ་གྲས་གླས་པས་གཟའ་འཁོར་གཅིག་ཀྱང་འགོར་གྱི་མེད། སྤེན་པ་དོན་གྲུབ་ཀྱིས་འཕྲུལ་ཆས་ལས་བརྟེན་ནས་ཞིང་འདེབས་པ་ནི་དེ་སྔོན་བསམ་ཡུལ་ལས་འདས་པ་ཞིག་རེད། དེ་སྔོན་འཕྲུལ་ཆས་ཡོད་ནའང་ལམ་མེད་ན་ཞིང་ནང་དུ་འཕྲུལ་ཆས་གཏོང་ཐབས་བྲལ་བ་རེད་ཅེས་བཤད། ད་ཆ་པ་སྣམ་རྫོང་དུ་འཕྲུལ་རྨོད་བྱེད་ཚད་ཀྱིས་འདེབས་ཁྱོན་གྱི་92%ཟིན་ཡོད་པ་རེད།
         ཚན་རྩལ་ལ་བརྟེན་ནས་ཞིང་འབྲོག་ལས་ལ་འདེགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་དུས་མཚུངས། ཞིང་འབྲོག་ལས་ཀྱི་རྨང་གཞིའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བཞིན་ཡོད། 2014ལོར་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་རོགས་དངུལ་58.3%བར་འཕར་བའི་ནང་མ་དངུལ་སྒོར་དུང་ཕྱུར་3ཙམ་ཞིང་འཕྲུལ་ཉོ་བར་བེད་སྤྱོད་བཏང་ཡོད། ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཁྱབ་གདལ་གཞི་ཁྱོན་མུའུ་ཁྲི་238.67ཟིན་པ་དང་ཞིང་འཕྲུལ་ཁག་གསུམ་འཕྲུལ་ཆས་ཅན་དུ་གྱུར་ཚད་57.5%ཟིན་ཡོད་པ་རེད།
         ལོ་དེར་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་98.5ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད། དེ་སྔོན“ཤ་ལས་ཚལ་གོང་ཆེ་བའི”ས་མཐོར་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཁྱབ་གདལ་གཏོང་བ་དང་སྦྲགས་སྔོ་ཚལ་རང་མཁོ་རང་སྤྲོད་བྱེད་ཚད་90%ཟིན་ཡོད་པ་རེད།
         ཡུན་རིང་ནང་ཞིང་འབྲོག་ལས་གཙོ་བོར་བྱེད་པའི་བོད་རང་སྐྱོང་ལྗོངས་སུ་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་མཆོང་སྐྱོད་ལྟ་བུའི་གོང་འཕེལ་བྱུང་སྟེ་གྲུབ་ཆ་ལེགས་སྒྲིག་དང་མཉམ་དུ་གོང་འཕེལ་བྱུང་ཡོད། 1952ལོའི་བསྡོམས་རྩིས་སྙན་ཞུའི་རེའུ་མིག་ལས་མངོན་པར་གཞིགས་ན། བཟོ་ལས་སྐོར་གྱི་རེའུ་མིག་སྟོང་པར་ལུས་པ་དང་དེའི་གོང་གི་དཔལ་འབྱོར་རྣམ་པ་ལོ་ངོ་སྟོང་རིང་རྒྱུན་འཛིན་ཐུབ་པའི་སྐྱས་སྤོས་འབྲོག་ལས་དང་རྨོ་ཞིང་ཁོ་ནར་བརྟེན་དགོས་ཀྱི་ཡོད། དུས་རབས་20པའི་ལོ་རབས་50པ་ནས་བཟུང་དེང་རབས་དོན་སྙིང་ལྡན་པའི་བཟོ་ལས་ཐོན་ལས་གཞི་ནས་དར་འགོ་ཚུགས་པ་རེད། ལོ་ངོ་50རིང་འཕེལ་རྒྱས་ཕྱིན་པ་བརྒྱུད་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གནས་འཕར་རིན་ཐང་1965ལོའི་སྐབས་ཀྱི་70.9:6.8:22.3ནས་2014ལོའི་9.9:36.6:53.5བཅས་སུ་འགྱུར་ལྡོག་བྱུང་ཡོད། ཐོན་ལས་དང་པོ་61%ཆག་པ་དང་། ཐོན་ལས་གཉིས་པ་དང་གསུམ་པ་སོ་སོར་29.8%དང་31.2%འཕར་ཡོད། བོད་ལུགས་གསོ་རིག་དང་བོད་སྨན་དང་། མི་རིགས་ལག་ཤེས་བཟོ་རྩལ། གནོད་མེད་བཟའ་བཅའ་དང་འཐུང་བྱ་སོགས་ཁྱད་ལྡན་ཐོན་ལས་ལ་མི་རྣམས་དགའ་འོས་པའི་འཕེལ་རྒྱས་བྱུང་ཡོད།
         བདུད་རྩི་རྟགས་ཅན་བོད་སྨན་ཀུང་སིའི་བོད་སྨན་བཟོ་མཁན་རྒན་གྲས་བློ་གྲོས་ཀྱིས་དུས་ཐུང་ལོ་བཅུ་གྲངས་རིང་བོད་སྨན་བཟོ་རྩལ་འཕེལ་རྒྱས་མྱུར་པོ་ཐེངས་བཞི་བྱུང་ནས་རྡོ་རྡུང་ལག་ཞིབ་བྱེད་པ་ནས་འབུ་ཕྲ་དང་ཐལ་རྡུལ་མེད་པའི་ཐོན་སྐྱེད་བརྒྱུད་རིམ་འཕྲུལ་ཆས་ཅན་དུ་འགྱུར་ལུགས་ཀྱི་དཔང་པོ་བྱས་པ་རེད།
         ད་ཆ་མང་ཚོགས་ཚོས་རིན་གོང་ཁེ་པོས་ཆེས་བྲིན་བོད་སྨན་ཉོ་ཐུབ་ཅིང་། ལོ་5ཡི་གོང་ཁྲོམ་ར་ད་དུང་བོད་རང་སྐྱོང་ལྗོངས་དང་ཉེ་འཁོར་ཁུལ་དུ་གཅིག་སྡུད་ཀྱིས་ལོ་རེར་ཕྱིར་ཚོང་དངུལ་གྲངས་སྒོར་ཁྲི་ཆིག་སྟོང་ཟིན་གྱི་ཡོད་པ་དང་། ན་ནིང་ཕྱིར་ཚོང་དངུལ་གྲངས་སྒོར་དུང་ཕྱུར་གཅིག་དང་ཁྲི་བདུན་སྟོང་ཟིན་པ་དང་35%ཡན་ལྕགས་ལམ་དང་རིམ་བཞིན་སྤ་སེའི་རིན་གོང་དམའ་རུ་འགྲོ་བའི་མཁའ་འགྲུལ་ལ་བརྟེན་ནས་རྒྱལ་ཡོངས་སུ་སྐྱེལ་འདྲེན་བྱེད་པ་དང་འདི་ལོའི་ལོ་སྟོད་དུ་ཕྱིར་ཚོང་དངུལ་གྲངས་སྒོར་དུང་ཕྱུར་2.5ཟིན་ཡོད་པ་རེད།
         དྭངས་ཤིང་གཙང་བའི་བོད་ཀྱི་འཐུང་ཆུ་ཁྲོམ་རར་འདོན་བཞིན་ཡོད་པ་དང་། རེ་སྒུག་བྱེད་རིན་ཆེ་ཤོས་ཀྱི་དཔལ་འབྱོར་འཕར་གཞི་གསར་པ་ཞིག་ཏུ་གྱུར་ཅིང་། 2014ལོར་ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་རྫས་ཏུན་ཁྲི་30ལས་བརྒལ་ནས་ལོ་གོང་མ་ལས་ལྡབ་གཅིག་འཕར་ཏེ་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་5.3ཟིན་ཡོད། བོད་དུ་འཛམ་གླིང་ཐོག་ཁས་ལེན་བྱེད་པའི་ཆུ་འགོ་ཡག་ཤོས་ཡོད་པ་མ་ཟད། ལོར་སྔོག་འདོན་བྱེད་ཚད་སྨི་རྒྱ་དཔང་གྲུ་བཞི་མ་ཁྲི་500ཡན་ཟིན་གྱི་ཡོད། ཏུན་རེར་སྒོར་ཁྲི་གཅིག་གི་ཆ་སྙོམས་རིན་གོང་ལྟར་བརྩིས་ཚེ་འབྱུང་འགྱུར་སྒོར་དུང་ཕྱུར་5000ཟིན་པའི་ཐོན་རྫས་རིན་ཐང་གཏོད་བཟོ་ཡོད།
         སྟབས་བདེའི་སྐྱེལ་འདྲེན་དང་ཅུང་བཟང་བའི་ལེ་ལག་གིས་གངས་ལྗོངས་ས་མཐོའི་ཐོན་ལས་སྣ་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། ལོ་ལྔའི་རིང་བོད་དུ་བོད་ཤར་དང་བོད་བྱང་ཐང་གི་འབྲི་གཡག་དང་། བོད་དབུས་རྒྱུད་ཀྱི་བཞོན་མ། བོད་དབུས་རྒྱུད་ཀྱི་བཟའ་སྣུམ་སྤུས་ལེགས། གྲོང་འདབས་ཀྱི་སྤྱི་གནོད་མེད་པའི་སྔོ་ཚལ་དང་བོད་ཕག་སོགས་ཁུལ་བདུན་རྒྱུད་བདུན་གྱི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཐོན་ལས་རྣམ་པ་ཞིག་ཆགས་པ་དང་། རིམ་རྩིས་ལྟར་ན། ས་ཁུལ་དང་གྲོང་ཁྱེར་ཡན་གྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་101ལ་རོགས་སྐྱོར་དང་སྐྱེད་སྲིང་བྱས་ཡོད་པ་རེད། 1965ལོར་ལྗོངས་ཡོངས་ཀྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་0.09ཡང་ཟིན་མེད་པ་དང་2014ལོར་སྒོར་དུང་ཕྱུར་150འཕར་ཡོད་པ་རེད།
         གངས་ལྗོངས་ཀྱི་ཡིད་དབང་འཕྲོག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ལྕགས་ལམ་སྐྲུན་འགོ་ཚུགས་པ་ནས་བཟུང་། ཡུལ་སྐོར་ལས་རིགས་བོད་ཀྱི་ཀ་རྟེན་ལྟ་བུའི་ཐོན་ལས་ཤིག་ཏུ་གྱུར་ཅིང་། 2014ལོར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1553ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མ་ལས་20.3%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་204ཟིན་ནས་23.5%འཕར་བ་དང་ཡུལ་སྐོར་བའི་མི་ཐེངས་ཀྱི་འཕར་ཚད་ལས་བརྒལ་ཡོད་པ་རེད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ན་ནིང་ཡུལ་སྐོར་ལས་རིགས་ཀྱིས་ཐད་ཀར་རམ་ཡང་ན་བརྒྱུད་ནས་གྲོང་ཁྱེར་དང་གྲོང་གསེབ་ཏུ་མི་ཐེངས་ཁྲི་100ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་ཐུབ་ཡོད་པ་རེད། འདི་ལོ་བོད་ཀྱིས་ལོ་ཧྲིལ་པོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་སྔོན་དཔག་ལྟར་ན་མི་ཐེངས་ཁྲི་1700ཟིན་རྒྱུ་དང་ཡོང་འབབ་སྒོར་དུང་ཕྱུར་240ལས་བརྒལ་བཟོ་ཡོད་པ་རེད།
         འབྱུང་འགྱུར་དང་མཉམ་འདྲེས་ཐུབ་པ།
         ཕུའུ་ཀྲུང་ཤུས་ནི་ད་ཆ་གཡོད་ཝང་སྐྱེ་དངོས་ལག་རྩལ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་སྤྱི་ཁྱབ་ལྟ་ཞིབ་པ་ཞིག་ཡིན་ཞིང་། 2007ལོར་སྐྱེ་དངོས་སྙོལ་བའི་ལག་རྩལ་གཉེར་མཁན་ཁོ་ཚོ་གྲོགས་པོ་བཞི་ཤར་གཏོང་ཐུབ་མ་ཐག་པའི་མེ་འཁོར་ལ་བསྡད་དེ་ལྷ་སར་བསྐྱོད་པ་དང་འབྲས་སྤུངས་དགོན་པའི་འདབས་ཀྱི་གྲོང་ཚོ་ཞིག་ཏུ་ཚོད་ལྟ་ཁང་ཞིག་བཙུགས་ནས་ས་མཐོའི་འབུ་ཕྲའི་རིགས་འཚོལ་ཞིབ་བྱེད་འགོ་ཚུགས་ཏེ་སྐྱེ་དངོས་ཕྲ་རབ་སྣ་ཁ་2000ལྷག་ཙམ་ལོགས་དབྱེ་བྱས་ནས་འབུ་ཕྲའི་རིགས་མཛོད་བསྐྲུན་པ་རེད། ཁོ་ཚོས་བལྟས་ཚེ་བོད་དུ་གསར་སྤེལ་ཆོག་པའི་ཐོན་ཁུངས་དང་ཁྲོམ་ར་ཧ་ཅང་ཆེན་པོ་ཡོད་པ་རེད། སྐྱེ་དངོས་ཕྲ་རབ་མང་པོའི་ཁྲོད་ཁོ་ཚོས་སྔོན་ལ་ཧུང་ཆུས་འབུ་ཕྲ་མེ་ཅུན་གསར་སྤེལ་བྱས་པ་དང་ས་མཐོའི་ནས་གསོ་སྤེལ་རྟེན་གཞིར་བྱས་པས་ཐོན་རྫས་ཀྱིས་ཁྲག་ཚིལ་མཐོ་བའི་སྟོན་གྲངས་ཁག་དམའ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།
         ཁོ་ཚོས་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་ལས་གཏོད་ཐོ་འགོད་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་སྐྱོང་གསོ་ཁེ་ལས་ཁག་དང་པོར་གྱུར། ཧུང་ཆུས་ཉིན་16ནས་18བར་ཁག་གཅིག་སྙོལ་རྒྱུ་ལེགས་གྲུབ་ཟིན་ནས་མཛོད་ཁང་ནང་ཉར་འཇོག་ཐོན་རྫས་མཐོང་རྒྱུ་མེད་པ་དང་ཁྲོམ་རས་ཐོན་རྫས་དེ་དག་བཟོ་གྲྭ་ནས་ཐོན་རྒྱུ་བསྒུགས་ནས་བསྡད་ཡོད་པ་རེད། ཁོ་ཚོའི་དྲ་ཁང་གི་ཐོན་རྫས་གཏོང་འདྲེན་བསྡོམས་རྩིས་ལ་གཞིགས་ན། མངགས་ཉོའི་ཐོན་རྫས་གཙོ་བོ་ཤར་ལྷོའི་མཚོ་རྒྱུད་ས་ཁུལ་དུ་གཏོང་འདྲེན་བྱེད་པ་མ་ཟད། ད་དུང་མངགས་ཉོ་བྱེད་མཁན་ཕྱི་རྒྱལ་གྱི་སྐུ་མགྲོན་མི་ཉུང་བ་ཞིག་ཡོད་པ་རེད།
         ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་ཐོ་འགོད་ཁེ་ལས་1000ལས་བརྒལ་བ་དང་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་200ལྷག་ཙམ་ལས་བརྒལ་ཅིང་། ལྷ་སའི་ནས་ཀྱི་སྦི་རག་དང་5100གཏེར་ཆུ་སོགས་ས་མཐོའི་སྤུས་རྟགས་ཐོན་རྫས་ཁག་གཅིག་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་ཕྱིར་ཚོང་བྱེད་འགོ་ཚུགས་ཡོད། ཐོན་ལས་གླིང་ཁུལ་དེ་ཉིད་ས་མཐོའི་སྤུས་རྟགས་གཏོད་པའི་གལ་ཆེའི་སྟེགས་བུ་ཞིག་ཏུ་གྱུར་པ་དང་། 2014ལོར་ལྗོངས་ཡོངས་ཀྱི་བཟོ་ལས་གླིང་ཁུལ་དུ་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་44.11ཟིན་པ་དང་། ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་51.76ཟིན་པ། བཅའ་སྡོད་ཁེ་ལས་347མང་དུ་ཕྱིན་ཡོད་པ་རེད།
         མཚོ་སྔོན་གོར་མོ་གྲོང་ཁྱེར་དུ་གནས་པའི་བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་ཁུལ་ལ“ཕྱིར་སྐྱོད་པའི”འཐབ་ཇུས་ལག་ལེན་བསྟར་ཡུལ་ཡག་ཤོས་ཞེས་གྲགས་ཤིང་། དེ་སྔོན་གོར་མོ་གྲོང་ཁྱེར་གྱིས་བོད་ཀྱི་དངོས་ཟོག་བརྒྱུད་སྐྱེལ་དང་རྒྱབ་ཕྱོགས་འགན་ལེན་གྱི་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ཡོད་མོད། འོན་ཀྱང་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་བསྟུན་ནས་གོར་མོའི་བོད་ལྗོངས་རྟེན་གཞིས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་ངེས་གནས་བསྐྱར་དུ་གཏན་འཁེལ་བྱས་ཡོད། བོད་དུ་གཏེར་རྫས་ཐོན་ཁུངས་ཕུན་ཚོགས་པོ་ཡོད་ཅིང་། ལྷག་དོན་དུ་ཟངས་དང་། ཞ་ཉེ། ཏི་ཚ་དཀར་པོ་སོགས་མདོག་ལྡན་ལྕགས་རིགས་འདུས་ཚད་འབོར་ཆེན་ཡོད། གོར་མོའི་དཔལ་འབྱོར་གྱི་རྨང་གཞི་བཟང་བ་དང་། ཁོར་ཡུག་ཐེག་ནུས་ཆེ་བ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་བ། ནུས་རྒྱུ་འབེལ་བ། གཞི་རྒྱུའི་མ་གནས་དམའ་བ་བཅས་དང་འགྲིམ་འགྲུལ་སྟབས་བདེ་སོགས་ཀྱི་ཁྱད་ཆོས་ལྡན་པས་ན། དཔེ་མཚོན་གྱི་ཐོན་ཁུངས་ལས་སྣོན་བཟོ་ལས་གྲོང་ཁྱེར་ཞིག་ཡིན་པ་རེད། ས་ཆ་གཉིས་ཀྱི་ལེགས་ཆ་གསབ་རེས་བྱས་ནས་བོད་ལྗོངས་དང་མཚོ་སྔོན་བཟོ་ལས་གླིང་ཐོན་པ་རེད།
         གོར་མོ་གྲོང་ཁྱེར་ནས་ཤར་ཕྱོགས་སུ་སྤྱི་ལེ་17བསྐྱོད་ན་མྱ་ངམ་ཐང་དུ་བཟོ་ཁང་མང་པོ་འགྱིང་ངེར་གནས་ཤིང་། ཐང་རྒོད་དུ་འཛུགས་སྐྲུན་བྱེད་པའི་རྣམ་པ་འཁྲུག་ཆ་དོད་པས་བཟོ་ལས་གླིང་གི་རྣམ་པ་རིམ་བཞིན་མངོན་པ་མཐོང་ཐུབ། བཟོ་ལས་གླིང་གི་དུས་བཀག་དང་པོའི་ས་ཁྱོན་སྤྱི་ལེ་ངོས་གྲུ་10ཟིན་པ་དང་གཙོ་བོ་ཟངས་དང་། ཞ་ཉེ། ཏི་ཚ་དཀར་པོ་བཅས་ཀྱི་གཏེར་ཁ་བཙོ་སྦྱངས་ལས་སྣོན་རྣམ་གྲངས་དང་འཁོར་རྒྱུག་དཔལ་འབྱོར་ཡིན་པ་མ་ཟད། ཐོན་ལས་སྦྲེལ་ཐག་ཁུལ་དང་འབྲེལ་བ་ཡོད། དུས་བཀག་གཉིས་པར་སྤྱི་ལེ་ངོས་གྲུ་30བར་རྒྱ་སྐྱེད་གཏོང་རྒྱུ་རེད། བོད་ཀྱི་དམིགས་བསལ་གྱི་ནོར་ཁྲལ་དངུལ་རྩའི་སྲིད་ཇུས་དང་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་དང་ཚྭ་འདམ་གཤོངས་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་གྱི་གཟིགས་སྐྱོང་སྲིད་ཇུས་མཉམ་དུ་ལོངས་སུ་སྤྱོད་རྒྱུ་ཡོད་པས། བཟོ་ལས་གླིང་གིས་ཁེ་ལས་ཆེན་པོ་མང་པོ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། མིག་སྔར། གླིང་ཁུལ་དུ་ཐོ་འགོད་བྱས་ཟིན་པའི་ཁེ་ལས་160ལྷག་ཙམ་ཟིན་པ་དང་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་614ལས་བརྒལ་ཡོད། ན་ནིང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་18ཟིན་པ་དང་དཔྱ་ཁྲལ་སྒོར་དུང་ཕྱུར་2.3འཇལ་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་ཀྱི་ཁྲོམ་རའི་གཞི་ཁྱོན་ཆེ་རུ་འགྲོ་བ་དང་བསྟུན་ནས་འདི་ལོའི་ལོ་སྟོད་དུ་གསར་དུ་ཐོ་འགོད་བྱས་པའི་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཚོང་དུད་18808ཟིན་པའི་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་568.05ཟིན་པ་དེ་དུས་མཚུངས་ལས་སོ་སོར་92.59%དང་163.8%འཕར་ཡོད། གངས་ལྗོངས་ས་མཐོས་སྤྱི་དམངས་ལས་གཏོད་དང་དམངས་ཡོངས་ཀྱིས་གསར་གཏོད་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་བསུ་བཞིན་ཡོད་ཅིང་། གྲངས་གཞི་གསར་ཤོས་ལས་མངོན་པར། བོད་ཀྱི་ཁྲོམ་རའི་བྱེད་པོའི་བསྡོམས་གྲངས་ཚོང་དུད་ཁྲི་14.98ཟིན་པའི་ཁྲོད་ནས་སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་ཀྱིས་བརྒྱ་ཆ་90ཡན་ཟིན་གྱི་ཡོད་པ་རེད།
         དེང་སྐབས་ཁྲོམ་ར་སྦྲེལ་ཐག་ཏུ་བྱས་ནས་བོད་དང་མེས་རྒྱལ་ནང་སའི་དཔལ་འབྱོར་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། ཕན་ཚུན་བརྟེན་རེས་བྱེད་ཚད་ཀྱང་སྔར་བས་ཟབ་ཏུ་འགྲོ་བཞིན་ཡོད། དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་གནའ་བོའི་གངས་ལྗོངས་ས་མཐོ་ཕྱི་བཀག་ནང་སྡོམ་དང་རི་ཚོགས་ལས་བསྒྲོལ་ནས་འཛམ་གླིང་དང་འབྲེལ་བ་ཟབ་མོ་བྱེད་བཞིན་མཆིས།
      

    ཕྱོགས་བསྡུས་གསར་འགྱུར།