འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཤང་གྲོང་ཚང་མར་སྦྲག་སྲིད་ལས་གཉེར་ས་ཚིགས་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་19ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་བོད་ལྗོངས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་མཚེ་རི་ཤང་དང་སྒེར་རྩེ་རྫོང་མ་མིག་ཤང་དུ་སྦྲག་སྲིད་ལས་གཉེར་ས་ཚིགས་དངོས་སུ་བཙུགས་པ་དེ་ཐོག་ནས་བོད་ཀྱི་ཤང་གྲོང་565ལ་སྦྲག་སྲིད་ཅུས་(སུའོ)སྐྲུན་པའི་ལས་དོན་ལེགས་བསྒྲུབས་ཟིན་ཏེ་ལྗོངས་ཡོངས་ཀྱི“ཤང་གྲོང་ཚང་མར་སྦྲག་སྲིད་ལས་གཉེར་ས་ཚིགས་ཁྱབ་པའི”དམིགས་ཚད་མངོན་འགྱུར་བྱུང་བ་མཚོན་ཡོད།
         བོད་རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ཁྱབ་གདལ་ཞབས་ཞུ་ཁྲུའུ་ཡི་ཁྲུའུ་ཀྲང་ཡུས་ལིན་གྱིས་རང་ལྗོངས་ཀྱི་ཤང་གྲོང་དུ་སྦྲག་སྲིད་ཅུས་(སུའོ)སྐྲུན་པའི་ལས་དོན་2012ལོར་ལག་བསྟར་བྱས་ཚུན་ལྗོངས་ཡོངས་ཀྱི་རིམ་ཁག་སྦྲག་སྲིད་དོ་དམ་སྡེ་ཚན་གྱིས་ཕྱོགས་ཁག་གི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ“གནས་མང་བ། ཁྱབ་རྒྱ་ཆེ་བ། ལམ་ཐག་རིང་བ། ལམ་གྱི་ཉེན་ཁ། མཐོ་གྲང་། གསོ་རླུང་དཀོན་པ། ལས་ཡུན་ཐུང་བ”སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་ལྗོངས་ཡོངས་ཀྱི་རྫོང་74ལ་ཤང་གྲོང་སྦྲག་སྲིད་ཅུས་(སུའོ)སྐྲུན་པའི་ལས་དོན་སྔ་སྣུར་དུ་ལེགས་བསྒྲུབས་བྱུང་བ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་2ཙམ་བཏང་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྗོངས་ཡོངས་སུ་ཤང་གྲོང་སྦྲག་སྲིད་ཅུས་(སུའོ)565སྐྲུན་པ་དེ་དག་ཚང་མ་སྦྲག་སྲིད་ཁྱབ་གདལ་ཞབས་ཞུའི་ཚད་གཞི་གཞིར་བཟུང་ཡིག་བསྐུར་དང་། ཐུམ་སྒྲིལ། ཚགས་པར་དང་དུས་དེབ། དངུལ་བརྗེས་སོགས་གཞི་རྩའི་སྦྲག་སྲིད་ལས་སྒོ་གཉེར་བ་དེས་ཞིང་འབྲོག་མང་ཚོགས་ཀྱིས“སྦྲག་སྲིད་སྤྱོད་དཀའ་བའི”གནད་དོན་ཐག་གཅོད་ཐུབ་རྒྱུ་མ་ཟད། གཞི་རིམ་གྱི་སྲིད་གཞུང་དང་ཞིང་འབྲོག་མང་ཚོགས་ཚོར་དེ་བས་སྟབས་བདེ་བའི་སྦྲག་སྲིད་འཕྲིན་གཏོང་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་། འཕེལ་རྒྱས་ལ་སྐུལ་འདེད་དང་། དམངས་འཚོར་ཕན་པ། སྤྱི་པའི་ཞབས་ཞུ་མཐོ་རུ་གཏོང་རྒྱུ་སོགས་ཐད་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་རྒྱུ་ཡིན་པ་རེད།
         གཞན་ཡང་གཞིས་རྩེ་གྲོང་ཁྱེར་སྦྲག་སྲིད་ཅུས་ཀྱི་ཅུས་ཀྲང་ཚའེ་དབྱི་ལུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱི་ཤང་གྲོང་178ལ་སྦྲག་སྲིད་ཅུས་(སུའོ)བསྐྲུན་རྒྱུ་དང་ཆབས་ཅིག་སྦྲ་གུར་སྦྲག་སྲིད་ཅུས་སོགས་གནས་སྐབས་རང་བཞིན་གྱི་ས་ཚིགས་བཙུགས་ཏེ་ས་ཡོམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྦྲག་སྲིད་ཀྱི་ཞབས་ཞུའི་ལས་དོན་སྤེལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།