འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ལོ་5ཡི་ནང་སྒོར་དུང་ཕྱུར་སྟོང་གི་ལིས་ཐོན་ལས་སྦྲེལ་ཐག་ཅིག་གཏོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་19ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་16ཉིན་གསར་འགོད་པས་མཚོ་སྔོན་གྱི“ལིས་ཐོན་ལས—སྣོད་བཅུད་གསར་པ”ཞེས་པའི་རྒྱལ་སྤྱིའི་མཐོ་རིམ་གླེང་སྟེགས་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2020ལོར་མཚོ་སྔོན་དུ་ལིས་ཐོན་ཁུངས་གསར་སྤེལ་དང་། ལིས་གློག་རྫས་རྒྱུ་ཆ་ཐོན་སྐྱེད། ལིས་གློག་རྫས་ལྷུ་སྒྲིག་དང་བཟོ་བ་བཅས་གཞི་གཅིག་ཏུ་གྱུར་པའི་སྒོར་དུང་ཕྱུར་སྟོང་གི་གཞི་ཁྱོན་ལྡན་པའི་ལིས་ཐོན་ལས་སྦྲེལ་ཐག་ཆ་ཚང་ཞིག་ཆགས་ནས་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
         རང་རྒྱལ་ནི་ལིས་ཐོན་ཁུངས་ཅུང་དཀོན་པའི་རྒྱལ་ཁབ་ཞིག་ཡིན་ཞིང་། རྒྱལ་ཡོངས་ཀྱི་ལིས་གཏེར་83%མཚོ་སྔོན་གྱི་ཚྭ་མཚེའུ་ཁུལ་100ལྷག་ཙམ་ལ་ཁྱབ་པ་དང་མིག་སྔར་རྩད་ཆོད་པའི་གསོག་ཚད་ཏུན་ཁྲི་1724ཟིན་ཡོད། ཡུན་རིང་ནང་འབྲེལ་ཡོད་གསར་སྤེལ་བེད་སྤྱོད་ལག་རྩལ་མི་འདང་བའི་རྐྱེན་གྱིས་རང་རྒྱལ་གྱི་ལིས་ཐོན་ཁུངས་མང་ཆེ་བ་ཕྱི་རྒྱལ་ནས་ནང་འདྲེན་བྱེད་ཀྱི་ཡོད།
         མཚོ་སྔོན་ཞིང་ཆེན་གྱི་རྒྱུན་ལས་ཧྲེང་ཀྲང་གཞོན་པ་ལོ་ཡུས་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ཤས་རིང་མཚོ་སྔོན་གྱི་ཚྭ་མཚེའུ་ནས་ལིས་བཏོན་པའི་ལག་རྩལ་ཚད་བརྒལ་བྱུང་བ་དེས་མིག་སྔར་མཚོ་སྔོན་ཞིང་ཆེན་དེ་ཚྭ་མཚེའུ་ནས་ལིས་ཐོན་ཁུངས་གསར་སྤེལ་དང་། གློག་གསོག་གློག་རྫས། གློག་སྒུལ་གློག་རྫས་བཅས་བཟོ་རྒྱུ་རྨང་གཞིར་བྱས་པའི་ལིས་ཐོན་ལས་སྦྲེལ་ཐག་ཅིག་ཆགས་ནས་ལོ་ལྟར་ཐཱན་སྐྱུར་ལིས་ཏུན་ཁྲི་3ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད། མཚེའུ་སྨད་རྒྱུད་ཀྱི་འབྲེལ་ཡོད་ལིས་གློག་རྫས་རྒྱུ་ཆ་བཟོ་མཁན་གྱི་ཐོན་ལས་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་སྔོན་དཔག་བྱས་ན2022ལོར་སླེབས་སྐབས་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1000ཟིན་རེ་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ལག་རྩལ་གྱི་འདེགས་སྐྱོར་བརྩོན་ལེན་བྱ་ཆེད། མཚོ་སྔོན་གྱིས་ཟླ་6ཚེས་15ཉིན་ཀྲུང་གོའི་ལས་གྲྭ་ཁང་དང་ཚན་རིག་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་སླད་ཕྱིན་ཚྭ་མཚེའུ་ནས་ལིས་བཏོན་པའི་ལག་རྩལ་ལེགས་གཏོང་དང་གཏིང་ཐུང་མཚེའུའི་ངོས་ཀྱི་ཚྭ་ཆུ་གསར་སྤེལ་བེད་སྤྱོད་སོགས་གཙོ་གནད་དུ་བྱས་ནས་ཚན་རྩལ་དགག་སྒྲོལ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།