འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་སྐབས་25པའི་འགོ་གཙོའི་ཚོགས་འདུ་འགོ་ཚུགས་པ།

          ས་ཁུལ་གྱི་འཕེལ་རྒྱས་དང་བུད་མེད་ཀྱི་དབང་ཆར་དོ་ཁུར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་17ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་སྐབས་25པའི་འགོ་གཙོའི་ཚོགས་འདུ་ཚེས་14ཉིན་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་རུ་འཚོགས་པ་དང་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་50ལྷག་ཙམ་གྱི་རྒྱལ་ཁབ་ཀྱི་གཙོ་བདག་དང་སྲིད་གཞུང་གི་འགོ་གཙོའམ་ཡང་ན་འཐུས་མིས་ཚོགས་འདུར་ཞུགས་ཏེ་ཨ་ཧྥེ་རི་ཁའི་ས་ཁུལ་གྱི་འཕེལ་རྒྱས་དང་། བུད་མེད་ཀྱི་དབང་ཆ། ས་ཁུལ་གྱི་བདེ་འཇགས། སྤྱི་པའི་འཕྲོད་བསྟེན་སོགས་ཀྱི་གྲོས་དོན་ལ་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།
         སྐབས་དེའི་འགོ་གཙོའི་ཚོགས་འདུའི་ཐོག་སྐབས་གོང་མའི“བུད་མེད་ཀྱི་དབང་ཆ་དང་ཨ་ཧྥེ་རི་ཁའི་2063ལོའི་འདུན་པར་སྐུལ་འདེད་གཏོང་རྒྱུའི”བརྗོད་བྱ་གཙོ་བོ་སྤྱད་དེ“ཨ་ཧྥེ་རི་ཁའི་2063ལོའི་འདུན་པ”མངོན་འགྱུར་བྱེད་པའི་ལོ་བཅུའི་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ཡོད། མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་དང་དེ་བཞིན་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཁོངས་མིའི་རྒྱལ་ཁབ་ཀྱི་འཐུས་མིས་ད་དུང་ཨ་ཧྥེ་རི་ཁའི་ཞི་བདེ་འཕེལ་རྒྱས་དང་། འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ། བུད་མེད་ཀྱི་ཁེ་དབང་དང་འཕེལ་རྒྱས། ཨ་ཧྥེ་རི་ཁའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་སོགས་ཀྱི་གྲོས་དོན་ལ་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།
         ཉེ་བའི་ལོ་ཤས་རིང་ཨ་ཧྥེ་རི་ཁའི་དཔལ་འབྱོར་རྒྱུན་མཐུད་ངང་འཕར་བར་བརྟེན་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁའི་འབྱུང་འགྱུར་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ནས་2020ལོར་ས་ཁུལ་དེའི་དམག་འཁྲུག་ཚང་མ་མཇུག་བསྒྲིལ་རྒྱུ་དང་2025ལོར་དཀྲེས་ལྟོགས་མེད་པ་བཟོ་བའི་དམིགས་ཚད་བཏོན་པ་མ་ཟད། ད་དུང་འདི་ལོའི་ལོ་འགོར་ཨ་ཧྥེ་རི་ཁའི་མནའ་འབྲེལ་དབུ་ཚོགས་ཐོག“ཨ་ཧྥེ་རི་ཁའི་2063ལོའི་འདུན་པའི”འཐབ་ཇུས་ལ་གྲོས་འཆམ་བྱས་ཏེ་ལོ་ལྔ་བཅུའི་ནང་ས་ཁུལ་གཞི་གཅིག་ཅན་དང་ཞི་བདེ་གྲ་རྒྱས་ཀྱི་ཨ་ཧྥེ་རི་ཁ་གསར་པ་ཞིག་བསྐྲུན་རྒྱུ་ཡིན་པ་རེད།
         ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཡ་ཀེ་པུ·ཙུའུ་མའི་ཤིས་ཚིག་ནང་ཨ་ཧྥེ་རི་ཁ་འདི་ཉིད་དཔལ་འབྱོར་འཕར་བ་དང་འཕེལ་རྒྱས་ཀྱི་འགྲོ་ལམ་གསར་པའི་ཐོག་སྐྱོད་བཞིན་ཡོད། ཨ་ཧྥེ་རི་ཁའི་མི་དམངས་ཀྱིས“ཨ་ཧྥེ་རི་ཁའི་2063ལོའི་འདུན་པར”རེ་བ་ཆེན་པོ་བཅངས་ཡོད། ཨ་ཧྥེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ལོ་ལྔ་བཅུའི་ནང་ས་ཁུལ་གཞི་གཅིག་ཅན་མངོན་འགྱུར་དང་ཞི་བདེ་གྲ་རྒྱས་ཀྱི་ཨ་ཧྥེ་རི་ཁ་གསར་པ་ཞིག་བསྐྲུན་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད་ཅེས་བཤད་པ་རེད།
         ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཏེ་ལ་སྨི་ཉི·ཙུའུ་མས་གསུང་བཤད་གནང་སྐབས་ལི་པེ་རི་ཡ་དང་། སི་ར་ལ་ཨོང་། ཀི་ནེ་ཡ་བཅས་རྒྱལ་ཁབ་གསུམ་དང་དེ་བཞིན་འབྲེལ་ཡོད་ཕྱོགས་ཀྱིས་ཨའེ་པོ་ལའི་རིམས་ནད་འགོག་པའི་གྲུབ་འབྲས་ལ་གདེང་འཇོག་དང་བསྔགས་བརྗོད་བྱས་པ་དང་འབྲེལ་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱིས་སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་ཚང་དུ་བཏང་སྟེ་ཨའེ་པོ་ལ་དང་ཨེ་ཙེའི་ནད་སོགས་ལ་ཁ་གཏད་གཅོག་རྒྱུ་ཡིན་ཞེས་བཤད་པ་རེད།
         ཨ་ཧྥེ་རི་ཁའི་མནའ་འབྲེལ་རེས་སྐོར་གྱི་ཀྲུའུ་ཞི་ཙམ་པབ་ཝེ་ཡི་ཙུང་ཐུང་མུའུ་ཅ་པེས་གཏམ་བཤད་བྱེད་སྐབས་བཟོ་ལས་ཅན་ནི་ཨ་ཧྥེ་རི་ཁའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གལ་ཆེའི་གནས་ཤིག་ཡིན་ཞེས་ནན་བཤད་བྱས་ཤིང་། ཁོང་གིས་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཡུན་རིང་ཐོག་མའི་ཐོན་ཁུངས་ཕྱིར་གཏོང་བྱ་རྒྱུ་ཁོ་ནར་བརྟེན་གྱི་ཡོད། བཟོ་ལས་ཅན་བརྒྱུད་ཚེ་གཞི་ནས་ཐོན་ཟོག་གི་རིན་ཐང་འཕར་ཐུབ་པ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་འདི་ཉིད་ལ་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ཁྲོད་ནས་ཁེ་ཕན་ཆེན་པོ་ཐོབ་ཐུབ་ཅེས་བཤད་པ་རེད།
         སྐབས་འདིའི་ཨ་ཧྥེ་རི་ཁའི་འགོ་གཙོའི་ཚོགས་འདུའི་རིང་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་དང་དེ་བཞིན་ཨ་ཧྥེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ཁོངས་མིའི་འཐུས་མིས་བུད་མེད་དང་བྱིས་པར་སྲུང་སྐྱོང་དང་། བུད་མེད་ལ་གཏུམ་སྤྱོད་བྱ་རྒྱུ་མེད་པ་བཟོ་བ། བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་སོགས་ཀྱི་གྲོས་དོན་མང་པོར་གྲོས་བསྡུར་བྱ་རྒྱུ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་མི་འབོར་ཐེབས་རྩའི་བསྡོམས་རྩིས་ལ་གཞིགས་ན། ས་ཧ་ལ་ལྷོ་རྒྱུད་ཀྱི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཏུ་ལོ་ལྟར་སྦྲུམ་མ་ཁྲི་18འཕྲོད་བསྟེན་ཆ་རྐྱེན་ཞན་པའི་རྐྱེན་གྱིས་སྲོག་ཤོར་གྱི་ཡོད། གཞན་ཡང་ལོ་ལྟར་ལོ་བཞི་ནས་བཅུ་གཉིས་ལ་སླེབས་པའི་བུ་མོ་ཁྲི་200ཙམ་གྱི་འདོད་འཕེལ་དབང་རྩ་གཅོད་ཀྱི་ཡོད།
         སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་འགྲན་སློང་དང་ཨའེ་པོ་ལའི་རིམས་ནད་མཆེད་རྒྱུར་ཁ་གཏད་གཅོག་ཆེད་སྐབས་གོང་མའི་ཨ་ཧྥེ་རི་ཁའི་མནའ་འབྲེལ་འགོ་གཙོའི་ཚོགས་འདུའི་ཐོག་ཨ་ཧྥེ་རི་ཁའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་འཛུགས་རྒྱུའི་གཏན་འབེབས་བྱས་ཤིང་། སྐབས་འདིའི་དབུ་ཚོགས་རིང་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་ཨའེ་པོ་ལའི་རིམས་ནད་ཚོད་འཛིན་སྐོར་གྱི་ཨ་ཧྥེ་རི་ཁའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སྙན་ཞུ་ཉན་རྒྱུ་ཡིན་པ་རེད།
         ཨ་ཧྥེ་རི་ཁ་བ་དེ་བས་མང་བ་ཞིག་གིས་འཚོ་བ་དང་ལས་ཀའི་ཆ་རྐྱེན་དེ་བས་ཡག་པོ་ཞིག་འཚོལ་ཆེད་ཡོ་རོབ་ཏུ་གནས་སྤོ་རྒྱུར་དམིགས་ནས་ཨ་ཧྥེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ཁག་གི་སྲིད་གཞུང་གི་འགོ་གཙོས་གང་འདྲ་བྱས་ཏེ་ས་གནས་དེ་རང་གི་ལག་རྩལ་ལྡན་པའི་ཤེས་ལྡན་པ་གསོ་སྦྱོང་བྱ་རྒྱུར་ཞིབ་འཇུག་བྱ་རྒྱུ་དང་འབྲེལ་འོས་འཚམ་གྱི་ལས་ཀའི་གོ་སྐབས་མཁོ་འདོན་བྱ་རྒྱུ་རེད།
         གཞན་ཡང་ནི་ཀྲེ་རི་ཡ་དང་། སོ་མ་ལི། མ་ལི། ཁ་མེ་རོང་སོགས་ཀྱི་རྒྱལ་ཁབ་ཏུ་འཇིགས་སྐུལ་རིང་ལུགས་ཀྱི་བྱེད་སྤྱོད་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བར་དམིགས་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཨ་ཧྥེ་རི་ཁའི་འཕྲལ་སྡོམ་དཔུང་སྡེ་གྲབས་འཛུགས་བྱ་རྒྱུ་དེ་ཡང་སྐབས་འདིའི་དབུ་ཚོགས་ཀྱི་གྲོས་དོན་གཙོ་བོ་ཡིན་པ་རེད།
         ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གདན་ཞུས་ལྟར་ཀྲུང་གོ་སྲིད་གཞུང་གི་དམིགས་བསལ་ཕོ་ཉ་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཀྲང་མིན་གྱིས་སྣེ་ཁྲིད་གནང་བའི་ལྟ་ཞིབ་པའི་འཐུས་མི་ཚོགས་པ་སྐབས་འདིའི་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་འགོ་གཙོའི་ཚོགས་འདུའི་མཛད་སྒོར་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།