འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།ཡན་ཅུན་ཧུའེ་ཡིས་འཇང་རིགས་ཀྱི་འཚེམ་འདྲུབ་རྒྱག་མཁན་བུད་མེད་བརྒྱད་སྟོང་
    ལྷག་ཙམ་གྱི་སྣེ་འཁྲིད་དེ་ཁྲོམ་ར་བཏོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་17ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་རྔ་པ་བོད་རིགས་འཇང་རིགས་རང་སྐྱོང་ཀྲོའུ་དབུན་ཁྲོན་རྫོང་ཡིང་ཤིང་ཤང་འཇང་རིགས་འཚེམ་འདྲུབ་རྟེན་གཞིར་འཇང་རིགས་ཀྱི་བུད་མེད་བཞི་ཅུ་ལྷག་ཙམ་འཚེམ་འདྲུབ་རྒྱག་བཞིན་ཡོད་པ་དང་ཡན་ཅུན་ཧུའེ་ཁོང་ཚོའི་འཁྲིས་སུ་བསྡད་དེ“ཞིབ་བཟོ་པུས་ཁྲོམ་རའི་དགོས་མཁོ་གཞིར་བཟུང་ཐོན་རྫས་གསར་པ་འཆར་འགོད་བྱེད་ཀྱི་ཡོད་པས་རི་མོ་གསར་པ་ད་ལྟ་སྐྱེལ་གྲབས་ཡོད”ཅེས་བཤད།
         “5·12”དབུན་ཁྲོན་ས་ཡོམ་བརྒྱབ་རྗེས་རྔ་པ་ཀྲོའུ་ཡི་འཇང་རིགས་བུད་མེད་8000ལྷག་ཙམ་གྱིས་སྲོལ་རྒྱུན་གྱི་རྩལ་ནུས་དེར་བརྟེན་ནས་ཁྱིམ་ཚང་གི་ལོའི་ཡོང་འབབ་སྒོར་ཁྲི་ཡན་ཡོང་གི་ཡོད།
         བུད་མེད་ཚོ་སྣེ་འཁྲིད་མཁན་ནི་དབུན་ཁྲོན་ཝུན་ཅིན་འཇང་རིགས་འཚེམ་འདྲུབ་ཀུང་སིའི་ཏུང་ཧྲེ་ཀྲང་ཡན་ཅུན་ཧུའེ་རེད།
         ལོ་བདུན་གྱི་གོང་གཅེས་སེམས་ལྡན་ལ་སྤྱི་ཕན་གྱི་བསམ་པ་ཡོད་པའི་ཡན་ཅུན་ཧུའེ་ཡིས་ས་ཡོམ་རྗེས་ཀྱི་ཉིན་གཉིས་པར་རང་ཉིད་ཀྱི་ཁྱོ་ག་དང་མཉམ་དུ་གེགས་ཁུལ་དུ་དངོས་ཟོག་དང་སྨན་སྐྱེལ་བར་ཕྱིན།
         གནོད་འཚེ་ཚབས་ཆེན་ཕོག་ཁུལ་ཡིན་པའི་རྔ་པ་ཀྲོའུ་རུ་འཇང་རིགས་ཀྱི་སྤུན་ཟླ་མང་པོ་འདུས་སྡོད་བྱེད་ཅིང་། འཇང་རིགས་ཀྱི་གཅེན་གཅུང་ཚོའི་ཁྱིམ་གཞིས་དང་གཉེན་ཉེ་མེད་པར་གྱུར་བ་མཐོང་སྐབས་ཡུན་ཅུན་ཧུའེ་ཡིས་གང་འདྲ་བྱས་ཏེ་ཁོང་ཚོར་རོགས་པ་བྱེད་ཐུབ་ན་སྙམ།
         “སྔོན་ལ་དྲས་རྒྱག་རྒྱུ་སྦྱོང་བ་དང་དེ་རྗེས་ལྷམ་གྱི་ཐོག་མེ་ཏོག་འཚེམ་དྲུབ་བརྒྱབ”ཡན་ཅུན་ཧུའེ་ཡིས་འཇང་རིགས་ཀྱི་བུད་མེད་ཚོ་ནི་ཆུང་དུས་ནས་འཚེམ་འདྲུབ་རྒྱག་ཤེས་པས་རྨང་གཞི་ཡག་པོ་ཡོད་པ་ཤེས། ཁོང་ཚོའི་ངལ་གསོའི་ཁོམ་པ་སྤྱད་དེ་འཚེམ་འདྲུབ་བརྒྱབ་ཚེ་ས་ཡོམ་ལས་བྱུང་བའི་དངངས་སྐྲག་གི་སེམས་པ་ལྷོད་དུ་གཏོང་ཐུབ་པ་མ་ཟད། ཁོང་ཚོའི་ཡོང་འབབ་ཀྱང་འཕར་ཐུབ་སྙམ་སྟེ་ས་ཡོམ་བརྒྱབ་ནས་ཟླ་གཉིས་སོང་རྗེས“འཇང་རིགས་འཚེམ་འདྲུབ་ཀྱི་རོགས་སྐྱོབ་འཆར་འགོད”ལག་བསྟར་བྱེད་འགོ་ཚུགས་པ་དང་ཡན་ཅུན་ཧུའེ་ཡིས་རྔ་པ་ཀྲོའུ་བུད་མེད་འཚེམ་འདྲུབ་ལས་ཞུགས་རོགས་སྐྱོབ་ལྟེ་གནས་རྣམ་གྲངས་ཀྱི་ཀྲུའུ་རེན་གྱི་འགན་འཁུར་བ་རེད།
         བསམ་འདུན་ཡག་པོ་ཡོད་ཀྱང་ལག་བསྟར་བྱེད་སྐབས་དཀའ་ངལ་འཕྲད་སྲིད། འཚེམ་འདྲུབ་རྒྱག་སའི་རས་ལྷེབ་དཀར་པོ་བཙོག་པ་ཆགས་པ་མ་ཟད། འགའ་ཞིག་ཐོག་ད་དུང་ལྕི་བ་འགོས་ཡོད། ཐོན་རྫས་ཀྱི་སྤུས་ཚད་དང་དུས་ཚོད་ཀྱི་འདུ་ཤེས་ཟབ་པོ་མེད་པར་བརྟེན་རྒྱུན་དུ་ཚོང་ཟོག་རྩིས་སྤྲོད་བྱེད་མི་ཐུབ་པས་རོགས་སྐྱོབ་ལྟེ་གནས་ཀྱི་མངགས་ཉོ་ཆེན་པོ་དང་པོ་དེ་ལེགས་གྲུབ་ཡག་པོ་བྱུང་མེད། ཁོང་ཚོའི་རྩལ་ནུས་མཐོ་རུ་གཏོང་རོགས་བྱས་ཏེ་ཚད་ལྡན་ཅན་གྱི་ཐོན་སྐྱེད་འདུ་ཤེས་སྐྱེད་སྲིང་བྱེད་དགོས་སྙམ་ནས་སྲིད་གཞུང་གི་རོགས་རམ་འོག་ཡན་ཅུན་ཧུའེ་ཡིས་འཇང་རིགས་འཚེམ་འདྲུབ་གསོ་སྦྱོང་སློབ་གྲྭ་ཞིག་བཙུགས་ཏེ་གྲོང་གསེབ་ཀྱི་བུད་མེད་ཚོར་རིན་སྤྲོད་མི་དགོས་པར་གསོ་སྦྱོང་བྱས།
         ཚད་གཞི་ཁོང་དུ་ཆུད་རྗེས་སྤུས་ཚད་དང་ཚོང་ཟོག་རྩིས་སྤྲོད་ཀྱི་དུས་ཚོད་འགན་ལེན་ཐུབ་ནས་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། བུད་མེད་ཚོས་འཚེམ་འདྲུབ་རྒྱག་པའི་སྤྲོ་སེམས་ཀྱང་ཆེ་རུ་ཕྱིན། འཆར་གཞི་བྱས་ན་འཚེམ་འདྲུབ་རྒྱག་སའི་རས་ལྷེབ་དགོང་དྲོའི་ཆུ་ཚོད་དྲུག་པ་བདུན་པར་སྐྱེལ་དགོས་ཤིང་། འོན་ཀྱང་ལམ་འགག་པའི་རྐྱེན་གྱིས་མཚན་མོའི་ཆུ་ཚོད་11ལྷག་ཙམ་ལ་གཞི་ནས་འབྱོར། ལས་དོན་མི་སྣ་ཧང་སངས་དགོས་པ་ཞིག་ལ་རོགས་སྐྱོབ་ལྟེ་གནས་ཀྱི་བུད་མེད་བརྒྱ་ལྷག་ཙམ་སྔར་བཞིན་སྒུག་ནས་བསྡད་ཡོད།
         དུས་གོང་ཐོན་རྫས་སྤྱོད་གོ་ཆུང་བར་བརྟེན་ཁྲོམ་རའི་འགྲན་ནུས་ཞན་ཙམ་ཡོད། “གཅིག་ནས་གོ་ཆོད་རང་བཞིན་ཆེ་རུ་གཏོང་དགོས་པ་དང་གཉིས་ནས་སྲོལ་རྒྱུན་གྱི་འཚེམ་འདྲུབ་རི་མོའི་ཐོག་དར་གསོ་ཆེ་བའི་གཞི་རྒྱུ་བསྣན་དགོས”ཁྲེང་ཏུའུ་རུ་རིག་གནས་འཆར་འགོད་ཐོན་ལས་ཀྱི་ལས་ནང་ཞུགས་མྱོང་བའི་ཡན་ཅུན་ཧུའེ་ཡིས་འཚེམ་འདྲུབ་རྒྱག་མཁན་གྱི་བུད་མེད་རྣམས་སྣེ་འཁྲིད་དེ་ཁྲོམ་ར་གཏོད་རྒྱུའི་ཐག་བཅད།
         དབུན་ཁྲོན་ཝུན་ཅིན་འཇང་རིགས་འཚེམ་འདྲུབ་ཚད་ཡོད་ཀུང་སི་བཙུགས་ནས“ཁབ་སྐུད”སྤུས་རྟགས་ཐོ་འགོད་བྱས་པ་མ་ཟད། ཡན་ཅུན་ཧུའེ་ཡིས་ད་དུང་ཀྲུང་དབྱང་མཛེས་རྩལ་སློབ་གླིང་སོགས་ཚན་པ་དང་མཉམ་དུ་འཆར་འགོད་བྱས་ཏེ་ཁྲོམ་རའི་དགོས་མཁོར་གཞིགས་ནས་གོས་རྒྱན་དང་འཛིན་ཆས་དེ་བཞིན་ཡིག་ཆས་རིགས་ཀྱི་ཐོན་རྫས་གསར་སྤེལ་བྱས། འཇང་རིགས་འཚེམ་འདྲུབ་ཐོན་རྫས་ཀྱི་སྙན་གྲགས་ཆེ་རུ་གཏོང་ཆེད་ཡན་ཅུན་ཧུའེ་ཡིས་རྒྱལ་སྤྱིའི་གྲགས་ཅན་སྤུས་རྟགས་དང་འབྲེལ་གཏུག་བྱ་རྒྱུའི་གོ་སྐབས་བཟུང་ནས་འཇང་རིགས་འཚེམ་འདྲུབ་ཀྱི་ཐུན་མིན་ལེགས་ཆ་དེ་རྒྱལ་སྤྱིའི་ཐོག་མངོན་པར་བྱས་ཤིང་། ཀུང་སིས་ད་དུང་ཤང་ཀང་དང་ཐའེ་དབན་གྱི་ཇུས་འགོད་པ་དང་མཉམ་ལས་བྱས་ཏེ་སྲོལ་རྒྱུན་གྱི་འཇང་རིགས་འཚེམ་འདྲུབ་ཐོག་དར་གསོ་ཆེ་བའི་རི་མོ་བྲིས་ཏེ་ཨ་རི་དང་། རི་པིན། འཇར་མན་སོགས་སུ་ཁྲོམ་ར་བཏོད་པ་རེད།
         མིག་སྔར“ཁབ་སྐུད”སྤུས་རྟགས་དེར་རིགས་10ཡི་ཐོན་རྫས་100ལྷག་ཙམ་ཡོད་པ་དང་། རྒྱལ་ཡོངས་སུ་ཚོང་ཁང་ཨ་མ་གཉིས་དང་ཆེད་ཚོང་ཁང་30ལྷག་ཙམ་བཙུགས་ཡོད། ཁྲེང་ཏུའུ་ཡི་གྲགས་ཅན་མཛེས་ལྗོངས་ཁུལ་ཁོན་ཀྲའི་ཤང་ཙི་ཞེས་པའི་ནང“ཅིན་ཧྭ་ཁང”ཞེས་པའི་ཚོང་ཁང་ཨ་མ་ཞིག་ཡོད་པ་དེའི་ནང་མགོ་རས་དང་། སྐེད་དཀྲིས། ལྷམ་གདན། ཀོ་ཁུག སྟོད་ལྷེ། ཁ་དཀྲིས་བཅས་འཇང་རིགས་འཚེམ་འདྲུབ་ཀྱི་ཐོན་རྫས་ལ་མི་རྣམས་ཀྱིས་ཧ་ཅང་དགའ་པ་བྱེད་ཀྱི་ཡོད།
         འཇང་རིགས་འཚེམ་འདྲུབ་དེ་ཁྲོམ་རར་བྲིན་ཁ་རྒྱུགས་པ་མ་ཟད། རིག་གནས་སྒྱུ་རྩལ་གྱི་ཚོམས་ཆེན་ནང་འགྲེམས་སྟོན་བྱས་ཤིང་། སྔ་རྗེས་སུ་ཧྲང་ཧའེ་དངོས་མང་སྟོན་ཚོགས་དང་ཧྲེན་ཀྲེན་རིག་གནས་དངོས་མང་སྟོན་ཚོགས་སུ་འགྲེམས་སྟོན་བྱས་པའི་ཐོག་འགའ་ཞིག་ད་དུང་ཧབ་འཚོང་བྱས་པ་རེད། དེ་སྔ་འཚེམ་འདྲུབ་རྒྱག་མཁན་ནི་ལོ་ལྔ་ཅུ་དྲུག་ཅུར་སླེབས་པའི་བུད་མེད་ཤ་སྟག་ཡིན་པ་དང་ད་ཆ་ཕྱེད་ཀ་ཡན་ནི་ལོ་ཉི་ཤུ་སུམ་ཅུར་སླེབས་པའི་ན་གཞོན་བུད་མེད་ཡིན་པ་མཐོང་སྐབས་ཡན་ཅུན་ཧུའེ་བློ་བདེ་པོ་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།