འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་འབྲོག་ལས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་
    2.9ལྷག་ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་16ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཞིང་ལས་པུའི་གྲངས་གཞི་གསར་ཤོས་ཐོག་མངོན་པར་2014ལོའི་རང་རྒྱལ་གྱི་འབྲོག་ལས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་2.9ལྷག་ཙམ་ཟིན་པ་དང་མི་རེའི་ཆ་སྙོམས་ཀྱི་ཤའི་རིགས་བཟུང་ཚད་སྤྱི་རྒྱ་64ཟིན་ཏེ་ཕྱུགས་ཟོག་དང་ཁྱིམ་བྱ་གསོ་སྤེལ་ཁྲོད་ཐད་ཀར་ཞུགས་པའི་ཡོང་འབབ་ཀྱིས་ཁྱིམ་ཚང་གི་ཞིང་ལས་གཉེར་སྐྱོང་དངུལ་སྨར་ཡོང་འབབ་ཀྱི་1/6བཟུང་བ་དང་འབྲོག་ལས་རྒྱལ་ཁབ་རིམ་པའི་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་583ཟིན་ནས་47%བཟུང་ཡོད་པ་རེད།
         ཞིང་ལས་པུས་འབྲོག་ལས་ཐོན་སྐྱེད་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་སྣ་ཁ་ཉིན་རེ་ལས་མ་འདས་པར་སྣ་མང་ཅན་དུ་གྱུར་ཏེ་འབྲོག་ལས་ཐོན་ལས་ཀྱི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་སོང་བ་དང་། གཉེར་སྐྱོང་སྒྲིག་སྲོལ་ལམ་སྲོལ་ཟམ་མི་ཆད་པར་སྒྱུར་བཅོས་དང་འཕེལ་རྒྱས་སོང་ནས་རང་རྒྱལ་གྱི་དེང་རབས་འབྲོག་ལས་འཛུགས་སྐྲུན་ཐད་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བཤད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རང་རྒྱལ་གྱི་འབྲོག་ལས་རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་583ཟིན་ནས་47%བཟུང་བ་དང་། འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་གོམ་སྟབས་མགྱོགས་སུ་སོང་ཡོད། འབྲོག་ལས་ཀྱི“ཐོན་སྐྱེད་དང་ཕྱིར་ཚོང་ཟུང་འབྲེལ”གྱི་གཞི་གཅིག་ཅན་དང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་བསྲེས་འཕེལ་རྒྱས་འགྲོ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་བར“ཁེ་ལས་དང་ཞིང་དུད་ཟུང་འབྲེལ”དང་། “ཁེ་ལས་དང་མཉམ་ལས་ཁང་ཟུང་འབྲེལ”“ཁེ་ལས་དང་རྟེན་གཞི་ཟུང་འབྲེལ”སོགས་རྣམ་པ་སྣ་མང་གི་གཉིས་ཁེ་གཉིས་ཕན་དང་ཁེ་ཕན་མཉམ་སྤྱོད་ཀྱི་ཐོན་སྐྱེད་གཉེར་སྐྱོང་དཔེ་དབྱིབས་འབོར་ཆེན་ཞིག་གྲུབ་ཡོད་པ་རེད།
         གཞན་ཡང་ཕྱུགས་ཟོག་དང་ཁྱིམ་བྱ་ཚད་ལྡན་ཅན་གྱི་གཞི་ཁྱོན་ལྡན་པའི་གསོ་སྤེལ་བྱ་རྒྱུ་དེ་འབྲོག་ལས་ཐོན་རྫས་མཁོ་འདོན་འགན་ལེན་བྱེད་པའི་གཙོ་གནད་དུ་གྱུར་ཡོད། 2010ལོ་ནས་བཟུང་ཞིང་ལས་པུས་ཕྱུགས་ཟོག་དང་ཁྱིམ་བྱ་གསོ་སྤེལ་ཚད་ལྡན་ཅན་གྱི་དཔེ་སྟོན་གསར་གཏོད་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་གཞི་ཁྱོན་ལྡན་པའི་གསོ་སྤེལ་དེ་འབྲོག་ལས་ཐོན་རྫས་ཀྱི་ཁྲོམ་རར་མཁོ་འདོན་ནུས་ལྡན་འགན་ལེན་བྱེད་པའི་སྟོབས་ཤུགས་གཙོ་བོར་གྱུར་ཡོད། 2014ལོར་རྒྱལ་ཡོངས་སུ་ཕག་པ་དང་། སྒོང་གཏོང་བྱ་དེ། བཞོན་མ་བཅས་གཞི་ཁྱོན་ལྡན་པའི་གསོ་སྤེལ་བསྡུར་ཚད་42%དང་། 69% 45%བཅས་སོ་སོར་ཟིན་ཡོད་པ་རེད།
         ཕྱུགས་ཟོག་དང་ཁྱིམ་བྱའི་རྒྱུད་པའི་ཐོན་ལས་ཀྱི་ཚན་རྩལ་གསར་གཏོད་ཐད་ཀྱང་ཚད་བརྒལ་མངོན་གསལ་དོད་པོ་ཐུབ་ཡོད། ཉེ་བའི་ལོ་ཤས་རིང་ཞིང་ལས་པུས་ཕག་པ་དང་། བཞོན་མ། བཤས་ཕྱུགས། བཤས་ལུག སྒོང་གཏོང་བྱ་དེ། ཤ་བྱ་བཅས་ཀྱི་རྒྱུད་པ་ལེགས་གཏོང་འཆར་གཞི་སྔ་རྗེས་སུ་ཡོངས་བསྒྲགས་དང་ལག་ལེན་བསྟར་བར་རྒྱུད་བཟང་གསོ་སྤེལ་མ་ལག་རགས་ཙམ་གྲུབ་ནས་རྒྱུད་བཟང་འདེམས་གསོ་དང་རྒྱུད་པ་མཁོ་འདོན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང་རྒྱལ་ཡོངས་སུ་ཕྱུགས་ཟོག་དང་ཁྱིམ་བྱའི་རྒྱུད་གསར་ཆ་ལག་ཚང་བའི་མ་ལག་བསྡོམས་39སྐྱེད་སྲིང་བྱས་པའི་ནང་རང་བདག་སྐྱེད་སྲིང་བྱས་པའི་སྒོང་གཏོང་བྱ་དེའི་ཆ་ལག་ཚང་བའི་མ་ལག་གིས་རྒྱལ་ཡོངས་ཀྱི་ཁྲོམ་རའི་ཐོབ་སྐལ་གྱི་40%ཡན་བཟུང་ཡོད་པ་རེད།
         ལས་རིགས་འཕེལ་རྒྱས་ཐད་ཚད་བརྒལ་བྱུང་བ་དང་དུས་མཚུངས་རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་མགྱོགས་མྱུར་སླར་གསོ་བྱེད་བཞིན་ཡོད་ཅིང་། ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པར་རྒྱལ་ཡོངས་སུ་རང་བྱུང་རྩྭ་ཐང་གཙོ་བོའི་ཕྱུགས་ཟོག་ཤོང་ཚད་ལས་བརྒལ་ཚད་དེ་2010ལོའི་30%ནས་2014ལོའི་15.2%བར་ཆག་ཡོད། ན་ནིང་རྒྱལ་ཡོངས་སུ་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་53.6%ཟིན་ནས་2010ལོ་ལས་བརྒྱ་ཆའི་གྲངས་2.6འཕར་ཡོད་པ་རེད།
         གཞན་ཡང་འབྲོག་པའི་ཡོང་འབབ་འཕར་ཚད་ཀྱང་མངོན་གསལ་དོད་པོས་མགྱོགས་སུ་སོང་ཞིང་། བསྡོམས་རྩིས་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་འབྲོག་ཁུལ་དང་ཕྱེད་འབྲོག་ཁུལ་གྱི་རྫོང་268ཀྱི་2014ལོའི་འབྲོག་པ་མི་རེའི་ཡོང་འབབ་ཁེ་གཙང་སྒོར་6287.7ཟིན་ནས་2010ལོ་ལས་སྒོར་1793.3འཕར་ཏེ་འཕར་ཚད་39.9%ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།