འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥི་ལི་ཕིན་གྱིས་ལྷོ་མཚོའི་གནད་དོན་ཐད་ཁུངས་མེད་སྐྱོན་འཛུགས་བྱས་པར་ཀྲུང་གོའི་
    སྐུ་ཚབ་ཀྱིས་སུན་འབྱིན་ནན་པོ་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་16ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འཚོགས་པའི་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་ཀྱི་སྤྱི་ཆིངས་》ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་ཉེར་ལྔ་པའི་ཐོག་ཧྥི་ལི་ཕིན་གྱི་འཐུས་མིས་ནན་ཧྲ་མཚོ་འོག་གླིང་ཕྲན་འཛུགས་སྐྲུན་དང་ལྷོ་མཚོའི་འདུམ་གཅོད་གྱོད་གཞི་སོགས་ཀྱི་གནད་དོན་ཐད་མིང་མ་བཏོན་པར་ཀྲུང་གོར་ཁུངས་མེད་སྐྱོན་འཛུགས་བྱས་པས་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ཀྱི་ཚོགས་ཆེན་ལ་ཞུགས་མཁན་ཀྲུང་གོའི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཝང་མིང་གིས་ཧྥི་ལི་ཕིན་ལ་སུན་འབྱིན་ནན་པོ་གནང་བ་རེད་།
         ཝང་མིང་གིས་ཀྲུང་གོའི་མཚོ་འོག་གླིང་ཕྲན་འཛུགས་སྐྲུན་ནི་ཀྲུང་གོའི་མངའ་ཁོངས་ནང་དུ་བྱས་པ་ཞིག་ཡིན་པས་རྦད་དེ་ཀྲུང་གོའི་བདག་དབང་ནང་གི་བྱ་བ་དང་། ཁྲིམས་མཐུན། ལུགས་མཐུན། ཚུལ་མཐུན་བཅས་ཡིན་པ་དང་། གཙོ་བོ་ནི་བཅའ་སྡོད་བྱེད་མཁན་གྱི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་འབྲེལ་མཚོ་ཐོག་འཚོལ་སྐྱོབ་དང་གནོད་འཚེ་ཉུང་གཏོང་སོགས་ཀྱི་ཐད་འཁུར་བའི་རྒྱལ་སྤྱིའི་འོས་འགན་དེ་བས་ལེགས་པར་སྒྲུབ་པ་དང་། ཀྲུང་གོ་དང་མཐའ་འཁོར་རྒྱལ་ཁབ་དང་དེ་བཞིན་ལྷོ་མཚོར་གཏོང་བའི་རྒྱལ་ཁབ་ཁག་གི་གྲུ་གཟིངས་ལ་ཞབས་འདེགས་ཞུ་ཆེད་རེད། ཀྲུང་གོས་རྒྱལ་ཁབ་གང་འདྲ་ཞིག་ལས་རང་ཉིད་ཀྱི་མཚོ་འོག་གླིང་ཕྲན་དང་མཚོ་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལ་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱི་མཚོ་འོག་གླིང་ཕྲན་འཛུགས་སྐྱོང་ལ་ཁོར་ཡུག་སྲུང་སྐྱོང་གི་ཚད་གཞི་དང་བླང་བྱ་ནན་པོ་ཡོད་པས་ལྷོ་མཚོའི་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་གཏོང་མི་སྲིད། འབྲེལ་ཡོད་འཛུགས་སྐྲུན་གྱིས་ཀྱང་རྒྱལ་ཁབ་ཁག་ལ་ཡོད་པའི་ཁྲིམས་མཐུན་གྱི་མཚོ་སྐྱོད་རང་དབང་ལ་གནོད་འཚེ་གཏོང་མི་སྲིད་པར་དེ་ལས་ལྡོག་སྟེ་ཐུན་མོང་ཐོག་མཚོ་ཐོག་འགྲན་སློང་ལ་ཁ་གཏད་གཅོག་པ་དང་མཚོ་སྐྱོད་ཀྱི་བདེ་འཇགས་འགན་ལེན་དེ་བས་ལེགས་པར་བྱ་རྒྱུར་ཕན་ཐོགས་ཡོད་ཅེས་བསྟན་པ་རེད།
         ཝང་མིང་གིས་ད་རེས་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐོག་ལྷོ་མཚོའི་གནད་དོན་ཐད་རྒྱལ་ཁབ་ག་གེ་མོས་རྒྱས་གླེང་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་གཏོང་བ་དང་ཀྲུང་གོར་གནོན་ཤུགས་སྤྲད་དེ་བདག་དབང་དང་མངའ་ཁོངས་གནད་དོན་ཐད་ཀྲུང་གོར་འོས་མེད་བསྟུན་ཐབས་དང་ཕྱིར་བཤོལ་རྒྱག་ཏུ་འཇུག་རྒྱུའི་རེ་ངན་འཆང་གི་ཡོད། འདིར་ངས་རྒྱལ་ཁབ་དེར་ཁྱེད་ཚོས་རྩིས་ནོར་ཐེབས་པ་རེད་ཅེས་ཤོད་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཕ་བོང་ལྟར་བརྟན་པས་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ཀྱི་ཚོགས་ཆེན་ཡིན་ནའང་འདྲ། ཡང་ན་མཉམ་འབྲེལ་རྒྱལ་ཚོགས་ཡིན་ནའང་འདྲ་གང་ལྟར་ཁྱེད་ཚོས་བརྒྱ་བཤད་སྟོང་བཤད་ཇི་ཙམ་བྱས་ཀྱང་ཁྱེད་ཚོའི་ལྐོག་གཡོ་ནམ་ཡང་སྒྲུབ་མི་སྲིད་ཅེས་ནན་བཤད་གནང་བ་རེད།
         ཝང་མིང་གིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གི་རང་བདག་གདམ་ག་དང་རྩོད་གཞི་ཞི་བའི་ཐོག་ནས་ཐག་གཅོད་བྱེད་པའི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་བྱེད་དགོས་པ་དང་། མཚོ་ཐོག་གི་རྩོད་གཞི་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པའི་ཆེས་ནུས་ལྡན་གྱི་ཐབས་ལམ་ནི་འབྲེལ་ཡོད་དོ་བདག་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་དོན་དངོས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་བཀུར་བྱས་པའི་རྨང་གཞིའི་ཐོག་གྲོས་མོལ་བྱེད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། རྒྱལ་ཁབ་ཕྱོགས་རྐྱང་པ་དེས་བཏོན་པའི་འདུམ་གཅོད་ཐད་ཀྲུང་གོས་དང་ལེན་མི་བྱེད་པ་དང་དེའི་ནང་ཞུགས་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་དེར་ལམ་ནོར་ལྡོག་ཤེས་བྱས་ཏེ་ཕྱོགས་གཉིས་པོའི་གྲོས་མོལ་ཐོག་ནས་ལྷོ་མཚོའི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་གི་སྲོལ་ལམ་ཐོག་གང་མྱུར་བསྐྱོད་རྒྱུའི་ཁ་ཏ་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།
         མཇུག་ཏུ་ཝང་མིང་གིས་རྒྱ་མཚོའི་རྒྱུན་སྲིང་འཕེལ་རྒྱས་དེ་རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་ཁ་བྲལ་ཐབས་མེད། ལོ་རྒྱུས་དང་དོན་དངོས་ཐོག་ནས་དུས་བདེ་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་མེད་ན་བྱ་བ་གང་ཞིག་ཀྱང་སྒྲུབ་མི་ཐུབ་པ་གསལ་བཤད་བྱུང་ཡོད། ཀྲུང་གོ་ནི་ལྷོ་མཚོའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་བརྟན་པོ་ཞིག་ཡིན་པ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་ལས་དབང་གི་ཐུན་མོང་འདུས་གྲུབ་གཏོད་བཞིན་ཡོད། ཀྲུང་གོས་ལྷོ་མཚོའི་གནད་དོན་ཐག་གཅོད་བྱེད་པའི“བསམ་ཕྱོགས་བགྲོད་ལམ་གཉིས”ལ་རྒྱབ་སྐྱོར་དང་འབྲེལ་དར་སྤེལ་གཏོང་བ་སྟེ། འབྲེལ་ཡོད་རྩོད་གཞི་ཐད་ཀའི་དོ་བདག་རྒྱལ་ཁབ་ཀྱིས་སྐད་ཆ་ཤོད་རེས་དང་གྲོས་མོལ་ཐག་གཅོད་བྱེད་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ལྷོ་མཚོ་ཐུན་མོང་ཐོག་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པ་དེ་རེད། ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་དང་མཉམ་དུ“ལྷོ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་ཀྱི་བསྒྲགས་གཏམ”ཁྱོན་ཡོངས་ནས་དང་ནུས་ལྡན་ངང་དོན་འཁྱོལ་བྱས་ཏེ་གྲོས་མོལ་གཅིག་གྱུར་གྱི་རྨང་གཞིའི་ཐོག“ལྷོ་མཚོའི་བྱ་སྤྱོད་ཀྱི་ཚད་གཞི”གང་མགྱོགས་འཇོག་འདོད་ཡོད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།