འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་བ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ནོར་སྲིད་ཀྱི་ཡོང་འབབ་དུས་མཚུངས་
    ལས་5%འཕར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་15ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ནོར་སྲིད་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ་བ་5པར་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་སྤྱོད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་14355ཟིན་པ་དེ་ལོ་གོང་མའི་ཟླ་མཚུངས་ལས་5%འཕར་བ་དང་། རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་ཁྲོད་ཀྱི་ཁྲལ་འབབ་སྒོར་དུང་ཕྱུར་12240ཟིན་པ་དེ་དུས་མཚུངས་ལས་0.4%འཕར་བ། ཟླ་བ་དང་པོ་ནས་ལྔ་པའི་བར་རིམ་རྩིས་བྱས་ན། རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་སྤྱོད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་64265ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་5%འཕར་བ་བཅས་རེད། དེའི་ནང་ཀྲུང་དབྱང་གི་སྤྱིར་བཏང་སྤྱི་སྤྱོད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་29494ཟིན་ནས་2.2%འཕར་བ་དང་། ས་གནས་རིམ་པ་དེ་གའི་སྤྱིར་བཏང་སྤྱི་སྤྱོད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་34771ཟིན་ནས་7.6%འཕར་བ། རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་སྤྱོད་སྔོན་རྩིས་ཡོང་འབབ་ཁྲོད་ཁྲལ་འབབ་སྒོར་དུང་ཕྱུར་54531ཟིན་པ་དེ་དུས་མཚུངས་ལས་2%འཕར་བ་བཅས་རེད།
          ནོར་སྲིད་པུའི་འབྲེལ་ཡོད་འགན་འཁུར་བས་དབྱེ་ཞིབ་བྱས་དོན། སྤྱི་ཡོངས་ནས་བལྟས་ན། ཟླ་བ་དང་པོ་ནས་ལྔ་པའི་བར་གྱི་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་སྤྱོད་སྔོན་རྩིས་ཡོང་འབབ་འཕར་ཚད་ཅུང་དམའ་བའི་རྣམ་པ་མངོན་པ་དང་ན་ནིང་གི་དུས་མཚུངས་ལས་འཕར་ཚད་བརྒྱ་ཆའི་གྲངས་5.7ཆག་པ་དང་། ནོར་སྲིད་ཡོང་འབབ་འཕར་ཚད་ཅུང་དམའ་བའི་རྒྱུ་རྐྱེན་གཙོ་བོ་ནི། གཅིག་ནས་ཚོང་ཟོག་ཆེ་གྲས་ནང་འདྲེན་བྱས་པའི་རིན་གོང་དམའ་རུ་ཧ་ཅང་ཕྱིན་པ་དང་ནང་འདྲེན་གྲངས་ཚད་ཆག་པའི་དབང་གིས་ཁྲལ་འབབ་ཧ་ཅང་དམའ་རུ་ཕྱིན་པ་དང་། གཉིས་ནས་བཟོ་ལས་འཕར་ཚད་ཅུང་འགོར་བ་དང་ལྷག་དོན་དུ་བཟོ་ལས་ཐོན་སྐྱེད་པའི་བཟོ་གྲྭ་ནས་ཐོན་པའི་རིན་གོང་བསྟུད་མར་ཆག་སྟེ་ད་ལྟའི་རིན་གོང་ལ་གཞིགས་ནས་རྩིས་རྒྱག་པའི་གནས་ཐང་འཕར་ཁྲལ་སོགས་ཁྲལ་འབབ་འཕར་ཚད་དམའ་བ། གསུམ་ནས་ཁེ་ལས་ཀྱི་ཁེ་སྤོགས་འཕར་ཚད་ཆག་པ་དང་དེ་བཞིན་ན་ནིང་དངུལ་རྩའི་ཁེ་ལས་ཀྱིས་སྔོན་འཇལ་བྱས་ནས་ཐོབ་པའི་ཁྲལ་འཕར་བ་སོགས་ཤུགས་རྐྱེན་མང་ཙམ་ཐེབས་པའི་དབང་གིས་འདི་ལོའི་བསྡོམས་རྩིས་བརྒྱབ་ནས་གཙང་འཇལ་བྱས་པའི་ཁེ་ལས་ཀྱི་ཐོབ་ཁྲལ་ཉུང་དུ་ཕྱིན་ཏེ་ཁེ་ལས་ཀྱི་ཐོབ་ཁྲལ་འཕར་ཚད་དམའ་ཙམ་ཡོད་པ། བཞི་ནས་ཕྱིར་གཏོང་ཁྲལ་སློག་བྱེད་ཚད་མགྱོགས་སུ་བཏང་བའི་དབང་གིས་ཕྱིར་གཏོང་ཁྲལ་སློག་གྲངས་འཕར་ཚད་དམའ་ཙམ་ཡོད་པ། ལྔ་ནས་ས་ཁང་བདག་ཁོངས་ཐོན་ལས་ཁྲོམ་ར་རྒྱུན་མཐུད་ལེགས་སྒྲིག་བྱས་པའི་དབང་གིས་ས་ཁང་བདག་ཁོངས་ཐོན་ལས་གཉེར་སྐྱོང་ཁྲལ་དང་། ས་ཁང་བདག་ཁོངས་ཐོན་ལས་ཁེ་ལས་ཐོབ་ཁྲལ། གན་ཁྲལ། ས་ཆའི་གནས་ཐང་འཕར་ཁྲལ། ས་ཞིང་བཟུང་སྤྱོད་ཁྲལ་བཅས་ཡོངས་ཁྱབ་ངང་ཆག་ནས་ས་གནས་རིམ་པ་དེ་གའི་ཡོང་འབབ་འཕར་རྒྱུར་ཤུགས་རྐྱེན་ཐེབས་པ། དྲུག་ནས་གྲུབ་ཆའི་རང་བཞིན་གྱི་ཁྲལ་ཉུང་གཏོང་དང་ཡོངས་ཁྱབ་ངང་རིན་གོང་གཅོག་རྒྱུ་ལག་བསྟར་བྱས་ནས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་བཏང་བ་དེས་ཀྱང་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ནོར་སྲིད་ཡོང་འབབ་ཆག་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།