འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རིག་གནས་ཤུལ་བཞག་ཉིན་མོའི་མཛད་སྒོ་གཉེར་ཡུལ་གཙོ་བོའི་གྲོང་ཁྱེར་
    གྱི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་15ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་13ཉིན་ནི་རང་རྒྱལ་གྱི་རིག་གནས་ཤུལ་བཞག་ཉིན་མོ་བཅུ་པ་དེ་ཡིན་པ་དང་འཛམ་གླིང་རིག་གནས་ཤུལ་བཞག་གི་གནས་ཏ་ཙུའུ་རུ་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རིག་གནས་ཤུལ་བཞག་ཉིན་མོ་ཁྲུང་ཆིང་ཏ་ཙུའུ་ཡི་མཛད་སྒོ་གཉེར་ཡུལ་གཙོ་བོའི་གྲོང་ཁྱེར་གྱི་བྱེད་སྒོ་སྤེལ་བ་དང་བྱེད་སྒོ་དེས“གྲུབ་འབྲས་ལ་སྲུང་སྐྱོབ་བྱེད། དམངས་ཡོངས་ཀྱིས་མཉམ་རོལ་བྱེད”ཅེས་པའི་བརྗོད་བྱ་གཙོ་བོར་དམིགས་ཏེ་ཉེ་བའི་ལོ་ཤས་རིང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་དང་ཉམས་གསོ་བྱེད་པའི་ཐད་ཐོབ་པའི་གྲུབ་འབྲས་གཙོ་གནད་ཐོག་དྲིལ་བསྒྲགས་བྱས་པ་རེད།
         བྱེད་སྒོའི་ཁྲོད་འཛམ་གླིང་རིག་གནས་ཤུལ་བཞག་ཏ་ཙུའུ་ཡི་རྡོ་བརྐོས་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་འདྲ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་ལས་གྲྭ་མཇུག་འགྲིལ་བའི་མཛད་སྒོ་འཚོགས་ཤིང་། རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ཅེ་ཡིས་ཏ་ཙུའུ་ཡི་རྡོ་བརྐོས་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་འདྲ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་ལས་གྲྭ་དེ་སྐུ་འདྲའི་བོངས་ཚད་ཆེ་བ་དང་། གྲུབ་ཆ་རྙོག་འཛིང་ཆེ་བ། ལག་རྩལ་དཀའ་ཚད་མཐོ་བ་བཅས་ཡོད་པས་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རང་རྒྱལ་གྱི་རྡོ་གྲུབ་རིག་དངོས་སྲུང་སྐྱོབ་ཀྱི“ལས་གྲྭ་ཨང་དང་པོར”གཏན་འཁེལ་བྱས་ཡོད། ལས་གྲྭར་ཁྲུང་ཆིང་གྲོང་ཁྱེར་དང་ཏ་ཙུའུ་ཆུས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་དང་ཀྲུང་གོ་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་གིས་འབྲེལ་ཡོད་ཚན་རིག་ཞིབ་འཇུག་ཁང་དང་མཐོ་སློབ་དང་མཉམ་འབྲེལ་བྱས་ཏེ་གྲུབ་པའི་རྣམ་གྲངས་མཉམ་སྡེབ་ཀྱིས་དུས་ཡུན་ལོ་8རིང་འགག་སྒྲོལ་དཀའ་སེལ་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་དེང་རབས་ཀྱི་ཚན་རིག་ལག་རྩལ་སྣ་མང་སྤྱད་ཐོག་སྲོལ་རྒྱུན་བཟོ་རྩལ་གྱི་ཕུལ་བྱུང་གྲུབ་འབྲས་སྔོག་འདོན་གཏིང་ཟབ་བྱས་པ་བརྒྱུད་སྲུང་སྐྱོབ་དང་ཉམས་གསོ་བྱེད་པའི་ཁྲོད་ཀྱི་ལག་རྩལ་ཐད་ཀྱི་དཀའ་གནད་རབ་དང་རིམ་པ་ཐག་གཅོད་བྱས་པར་ལས་གྲྭ་བདེ་བླག་ངང་མཇུག་འགྲིལ་ཐུབ་པའི་འགན་ལེན་བྱས་པ་དང་འབྲེལ་དངོས་སུ་སྤྱི་ཚོགས་ལ་སྒོ་ཕྱེ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         དེ་ཉིན་ཕྱི་དྲོ་ཁྲུང་ཆིང་ཀྲུང་གོའི་འགག་གསུམ་རྟེན་རྫས་བཤམས་མཛོད་ཁང་དུ་ད་དུང“ལོ་ལྔ་ཚན་བཅུ་གཉིས་པའི”རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་གྲུབ་འབྲས་འགྲེམས་སྟོན་དང་། ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་པར་ལེན་བརྩམས་ཆོས་འགྲེམས་སྟོན། སྐབས་གཉིས་པའི་ཀྲུང་གོའི་རིག་གནས་ཤུལ་བཞག་མཛེས་རྩལ་འགྲེམས་སྟོན་བཅས་བྱས་པ་དང་ནང་དོན་དེ་དག་གིས་ཕྱོགས་མི་འདྲ་བའི་ཐོག་ནས་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་རིག་དངོས་སྲུང་སྐྱོབ་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་དང་སྤྱི་ཚོགས་ཡོངས་ཀྱིས་རིག་དངོས་སྲུང་སྐྱོབ་ལ་དོ་ཁུར་དང་། རྒྱབ་སྐྱོར། དེའི་ཁྲོད་ཞུགས་པ་བཅས་དགའ་འོས་པའི་འགྱུར་ལྡོག་མཚོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།