འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཟོལ་མེད་ཀྱི་བརྩེ་སེམས་བོད་ལྗོངས་ལ་བཅངས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་15ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         “གནམ་དྭངས་དུས་ལུས་ཡོངས་ཐལ་བས་ཁེངས། ཆར་དུས་སུ་ལུས་ཡོངས་འདག་པས་ཁེངས། ཉིན་མོར་སློང་བར་སྐྱོད། མཚན་མོར་ཁྱིམ་དུ་ལོག”ཅེས་པ་ནི་དེ་སྔོན་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་སྨོན་འགོ་གྲོང་ཚོའི་གནས་ཚུལ་ངོ་མ་ཡིན་ཞིང་། ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པས་མ་འཇོག་སྒོར་ཁྲི་900བྱས་ནས་སྨོན་འགོ་གྲོང་ཚོར་མི་སེར་གྱི་སྡོད་ཁང་དང་། གྲོང་ལྷན། བྱིས་གསོ་ཁང་། འཕྲོད་བསྟེན་ཁང་སོགས་གསར་པ་བསྐྲུན་པ་དང་ཆུ་ཀ་ལ་དང་། ཡུར་བུ། ཐང་ཆེན། ལམ་སྒྲོན། སྤང་ས་བཅས་ཆ་སྒྲིག་བྱས་པས་ས་གནས་དེ་གའི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་མིག་དཔེར་གྱུར། “དེ་སྔོན་ང་ཚོ་མི་ཕྱུགས་མཉམ་སྡོད་བྱེད་ཀྱི་ཡོད་པས་གཙང་སྦྲ་མེད། ད་ཆ་ལོགས་དབྱེ་བྱས་པ་མ་ཟད་ཡོམ་འགོག་དང་། དྲོད་སྲུང་། ཆུ་འགོག་བཅས་བྱེད་ཐུབ”ཅེས་སྨོན་འགོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མིག་དམར་གྱིས་བཤད།
         2013ལོའི་ཟླ་བ་དྲུག་པར་བོད་དུ་འབྱོར་ཚུན་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པས་དམངས་འཚོ་སྔོན་སྤེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བོད་སྐྱོར་མ་དངུལ་གྱི་80%ཡན་དམངས་འཚོའི་ཐད་བེད་སྤྱོད་གཏོང་རྒྱུའི་འགན་ལེན་བྱས། “དམིགས་ཚད་གཅིག་(ཕྱོགས་ཡོངས་དང་། མཐུན་སྦྱོར། རྒྱུན་སྲིང་བཅས་ཀྱི་འཕེལ་རྒྱས)ལ་དམིགས་པ་དང་། རྩ་དོན་གཅིག་(གཞི་རིམ་ལ་གཞི་ཚུགས་པ་དང་། ལེགས་ཆ་འདོན་སྤེལ་བྱེད་པ། ཁྱད་ཆོས་མངོན་པ་བཅས་བྱས་ནས་ཚན་རིག་དང་མཐུན་པའི་ངང་བོད་སྐྱོར་དང་། དངོས་སྒྲུབ་བོད་སྐྱོར། བདེ་འཇགས་ངང་བོད་སྐྱོར། ཞི་མཐུན་ངང་བོད་སྐྱོར་བཅས་མངོན་འགྱུར་ཡོང་བ་བྱེད་པ)ཁོང་དུ་ཆུད་པ། ཐོན་ཁུངས་གཉིས་(སྲིད་གཞུང་རང་བཞིན་གྱི་མ་དངུལ་དང་སྤྱི་ཚོགས་རང་བཞིན་གྱི་མ་དངུལ)འདུ་སྒྲིལ་བྱེད་པ། གཙོ་གནད་ཆེ་ཁག་བཞིར་(ཁྱད་ལྡན་ཐོན་ལས་དང་། གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན། སློབ་གསོ་གསོ་སྦྱོང་། གྲོང་ཁྱེར་འཕེལ་རྒྱས་བཅས)མངོན་གསལ་དུ་དམ་འཛིན་བྱེད་པ”བཅས་ཀྱི་ལོ་གསུམ་རིང་གི་བོད་སྐྱོར་ལས་དོན་གྱི་བསམ་ཕྱོགས་གཞིར་བཟུང་བོད་སྐྱོར་གྱི་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད་པ་རེད།
         ལོ་15ཡི་གོང་དུ་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལག་རྩལ་པ་ཀྲང་ཅེ་མིན་བཟའ་ཚོ་གཉིས་གཞིས་རྩེ་གྲོང་ཁྱེར་གྱི་པ་སྣམ་རྫོང་དུ་སླེབས་པ་དང་ཁོང་གཉིས་ཀྱིས་ས་གནས་དེ་གའི་མི་སེར་རྣམས་སྔོ་ཚལ་སོས་པ་བཟའ་རྒྱུ་ཡོང་བ་བྱེད་པའི་སེམས་ཤུགས་ཀྱི་ཐོག་ནས་དྲོད་ཁང་ཆེ་མོར་སྔོ་ཚལ་ཚོད་འདེབས་དང་ཁྱབ་གདལ་གཏོང་འགོ་ཚུགས་ཤིང་། ད་ཆ་སྔོ་ཚལ་ཐོན་ལས་ནི་ས་གནས་དེ་གའི་རྐང་འཛིན་ཐོན་ལས་ཀྱི་གྲས་ཤིག་ཏུ་གྱུར། ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པའི་ཅི་ནན་ཡན་ལག་ཚོགས་ཆུང་གིས“པ་སྣམ་སྔོ་ཚལ”གྱི་སྤུས་རྟགས་དེ་རྒྱ་སྟོབས་སྔར་བས་ཆེ་རུ་བཏང་བས་རྫོང་དེ་ཡོངས་ཀྱི་སྔོ་ཚལ་དང་ཤིང་འབྲས་སྣ་ཁ་160ལྷག་ཙམ་ཡོད་པ་དང་སྔོ་ཚལ་ཐོན་ཚད་རྒྱ་མ་ཁྲི་5600ལོན་ནས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་8400རག་པ་དང་ཞིང་འབྲོག་པ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་1480འཕར་བ་དེས་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་20%ཟིན་ཡོད་པ་རེད།
         གཞིས་རྩེའི་དགུང་སྔོན་དང་ཆུ་དྭངས་སྔར་བས་སྲུང་སྐྱོང་ཡག་པོ་བྱ་ཕྱིར་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པས་ཆུའི་སྣོད་བཅུད་དང་། ཤིང་ནགས་སྣོད་བཅུད། གྲོང་ཁྱེར་གྱི་སྣོད་བཅུད་བཅས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་ཀྱི་ཡོད་པ་རེད། ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་ཡོད་པའི་རྣམ་གླིང་རྫོང་གི་སྣོད་བཅུད་དཔེ་སྟོན་ཁུལ་དུ་མ་འཇོག་སྒོར་ཁྲི་8000ལྷག་ཙམ་བྱས་ནས་ཤིང་སྡོང་རྐང་ཁྲི་60བཏབ་པ་དང་། མི་ཐབས་ཀྱིས་སྤང་ས་མུའུ་3800བཏབ་པ། ཐོན་ཚད་མཐོ་བའི་ནས་མུའུ་1000འདེབས་འཛུགས་བྱས་པ། ཤིང་སྡོང་གསོན་ཚད་95%ཡན་ལོན་པས་ཤིང་ནགས་དང་། རྩྭ་ར། ནས་བཅས་གཞི་གཅིག་ཅན་དུ་གྱུར་པའི་ཕྱོགས་བསྡུས་རང་བཞིན་གྱི་ལྷད་མེད་ཐོན་ལས་མ་ལག་དང་སྣོད་བཅུད་འཛུགས་སྐྱོང་རྟེན་གཞི་ཞིག་རིམ་བཞིན་ཆགས་པ་རེད། རགས་རྩིས་ལ་གཞིགས་ན། མིག་སྔར་མཐའ་འཁོར་ས་ཁུལ་དུ་བྱེ་རྡུལ་གནམ་གཤིས་བསྟན་པའི་ཉིན་གྲངས་དུས་མཚུངས་ལས་13%ཆག་ཡོད་པ་རེད། “ད་ལོར་མ་འཇོག་སྒོར་ཁྲི་4000བྱས་ནས་ཤིང་སྡོང་རྐང་ཁྲི་50སླར་ཡང་འདེབས་རྒྱུའི་འཆར་གཞི་ཡོད”ཅེས་རྣམ་གླིང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲན་ཏུང་ཝུའེ་ཕང་གི་བོད་སྐྱོར་ལས་བྱེད་པ་ཀྲུང་ཀོང་ཝུན་གྱིས་བཤད།
         བོད་དུ་སླེབས་རྗེས་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པས་དབུལ་ཕོངས་ལ་འཚམས་འདྲི་དང་། དཀའ་ངལ་གསལ་རྟོགས། དབུལ་སྐྱོར་རྒུད་སྐྱོབ་བཅས་ཀྱི་ལས་དོན་ཧུར་ཐག་སྒྲུབ་ཅིང་། 2013ལོའི་ཟླ་བ་བཅུ་གཅིག་པར་ལོ་དགུ་ལ་སླེབས་པའི་བོད་རིགས་བུ་མོ་བསྟན་འཛིན་ཆོས་སྒྲོན་ལ་ཁྲག་སྐྲན་གྱི་ནད་ཕོག་ཀྱང་སྨན་རིན་མཐོ་པོ་དེ་འདྲ་སྤྲོད་ཐབས་བྲལ། གཡན་ཐའེ་ཡན་ལག་ཚོགས་ཆུང་གི་བོད་སྐྱོར་ལས་བྱེད་པས་གཡན་ཐའེ་གྲོང་ཁྱེར་གྱི་མི་དམངས་སྐུལ་སློང་བྱས་ནས་ཁོང་དང་གཉའ་ལམ་བྱིས་པའི་སྨན་བཅོས་རོགས་སྐྱོབ་ཡན་ཐའེ་ཐེབས་རྩར་ཞལ་འདེབས་མ་དངུལ་སྒོར་ཁྲི་75གྲབས་གསོག་བྱས་པ་རེད། གཡན་ཐའེ་ཡན་ལག་ཚོགས་ཆུང་གིས་ད་དུང“ས་མཐོའི་ཕུགས་འདུན། བརྩེ་སེམས་ཟབ་མོ”ཞེས་པའི་བྱེད་སྒོ་སྤེལ་ནས་མ་དངུལ་ཁྱོན་སྒོར་ཁྲི་2000ལྷག་ཙམ་བཏང་སྟེ་བུད་མེད་དང་བྱིས་པའི་སྨན་བཅོས་དང་། ཞིང་འབྲོག་ཁུལ་དུ་སྐོར་སྐྱོད་སྨན་བཅོས། གྲོང་གསེབ་ལ་སྨན་རྫས་སྐྱེལ་བ། གྲོང་གསེབ་ཏུ་སྨན་བཅོས་བྱེད་པར་སྐྱོད་པ་སོགས་ཀྱི་བྱེད་སྒོ་ཁག་17སྤེལ་བ་རེད།
    མཚོ་འགྲམ་ནས་ས་མཐོའི་བར་ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པའི་ཟོལ་མེད་ཀྱི་བསམ་པ་དང་ལྷག་བསམ་གྱི་བརྩེ་སེམས་དེར་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ། རྣམ་གླིང་རྫོང་ཉ་ཚང་གྲོང་ཚོའི་འཆི་མེད་དབང་མོའི་ཁྱིམ་དུ་མི་གྲངས་ལྔ་ཡོད་པ་དང་བཟའ་ཟླར་ལོ་ཤས་གོང་རླངས་འཁོར་གྱི་ཆག་སྒོ་བྱུང་ནས་ངལ་རྩོལ་ནུས་ཤུགས་མེད་པར་གྱུར། ཁོང་ཁྱིམ་གྱི་གནས་ཚུལ་རྟོགས་རྗེས་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པའི་སྤྱི་ཁྱབ་རུ་སྣེ་འཁྲིད་མཁན་ཡིན་པའི་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་གྲོང་སྤྱི་གཞོན་པ་ཀྲའོ་ཀྲི་ཡོན་གྱིས་གཙོ་གནད་ཐོག་འཆི་མེད་དབང་མོའི་ཁྱིམ་དུ་རོགས་སྐྱོར་བྱེད་དགོས་པ་ནན་བཤད་བྱས་ནས་ཁོང་ཁྱིམ་ལ་བོད་བྱ་30ཉོས་པ་དང་ཕྲུ་གུ་གསུམ་ལ་གྱོན་ཆས་བསྐྱལ་བ་རེད།
         “4·25”ས་ཡོམ་བརྒྱབ་རྗེས་ཧྲན་ཏུང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཡིན་པའི་འགྲམ་གྲོང་རྡལ་དང་གཉའ་ལམ་གྲོང་རྡལ་སོགས་ལ་གེགས་བར་ཚབས་ཆེན་ཕོག་པས་ཧྲན་ཏུང་ཞིང་ཆེན་གྱིས་ཛ་དྲག་ངང་ཡོམ་འགོག་གེགས་སེལ་ལ་མ་དངུལ་སྒོར་ཁྲི་500གཏོང་སྤྲོད་བྱས་ནས་གེགས་ཁུལ་ལ་རྒྱབ་སྐྱོར་བྱས་པ་དང་གཉའ་ལམ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གཡན་ཐའེ་གྲོང་ཁྱེར་གྱིས་ཀྱང་ཡོམ་འགོག་གེགས་སེལ་མ་དངུལ་སྒོར་ཁྲི་300གཏོང་སྤྲོད་བྱས། ཟླ་5ཚེས་4ཉིན་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཡོངས་ཀྱིས་དངུལ་སྒོར་ཁྲི་15ཞལ་འདེབས་སུ་ཕུལ་ནས་གེགས་ཁུལ་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པ་དང་། གཡན་ཐའེ་ཡི་བོད་སྐྱོར་ཡན་ལག་ཚོགས་ཆུང་གིས་གྲོང་ཁྱེར་དེ་གའི་སྤྱི་ཚོགས་ཀྱི་ཞལ་འདེབས་མ་དངུལ་སྒོར་ཁྲི་200ལྷག་ཙམ་མཐུན་སྦྱོར་བྱས་པ། ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ཡན་ལག་ཚོགས་ཆུང་གིས་ཛ་དྲག་ངང་རིན་ཐང་སྒོར་ཁྲི་40ལྷག་ཙམ་རི་བའི་གཏེར་ཆུ་སྒམ་3000དང་ཁྱིམ་སྤྱོད་མྱུར་སྐྱོབ་སྨན་སྒམ་500སྐོང་འདྲེན་བྱས་ནས་གེགས་ཁུལ་ལ་དུས་ཐོག་ཏུ་དབོར་འདྲེན་བྱས།
         “གོམ་སྟབས་རྗེས་མར་ང་ཚོས་རོགས་སྐྱོར་དང་རོགས་སྐྱོར་དང་ལེན་ཁུལ་གྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་ཀྱིས་དམངས་འཚོ་ལེགས་སུ་གཏོང་བ་དང་འགན་ལེན་བྱེད་པའི་གཙོ་གནད་དེར་དམ་འཛིན་བྱེད་པ་དང་སྤུས་ཚད་ལེགས་ལ་ལས་ཕྱོད་ཆེ་བའི་ངང་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་སྔར་བས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ཐོག་ནས་ཧྲན་ཏུང་གི་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱ་རྒྱུ་ཡིན”ཞེས་ཀྲའོ་ཀྲི་ཡོན་གྱིས་བཤད། 
         ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པས་ནུས་ཤུགས་ཡོད་རྒུས་གཞིས་རྩེ་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པའི་སྐོར་གྱི་མྱུར་བྲིས། ༼ འདི་ག་ཚགས་པར་གྱི་གསར་འགོད་པ། ཧན་ཅུན་ཅེ་ཡིས། ༽
      

    ཕྱོགས་བསྡུས་གསར་འགྱུར།