འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སྙིང་སྡུག་ལགས་ཞེས་པ་ལས་འཕྲོས་ཏེ་གཞས་ཚིག་སྒྱུར་སྟངས་མདོ་ཙམ་གླེང་བ།

    བསྟན་འཛིན་གྱིས།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་18ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཉེ་དུས་སྙིང་སྡུག་ལགས་ཞེས་པའི་གླུ་གཞས་བོད་འགྱུར་མ་ཞིག་འཕྲིན་ཕྲན་དང་དྲ་བ་སོགས་བརྒྱུད་གང་སར་དར་སོ་བྱེད་བཞིན་མཆིས། གཞས་དེ་དར་སོ་དེ་ལྟར་བྱེད་པར་གཅིག་ནས་བསྒྱུར་བྱའི་གཞས་དེའི་འགྱུར་ཁུག་སྙན་ལ་ངག་ཏུ་འཇགས་བདེ་བ་དང་། གཉིས་ནས་གླུ་གཞས་གཏོང་ཡུལ་ཐོག་མ་ནི་བོད་ལྗོངས་སློབ་ཆེན་གྱི་ཟ་ཁང་དུ་ཡིན་པས། སློབ་གྲྭར་བསྐྱོད་དང་སྐྱོད་བཞིན་པའི་སྐྱེ་བོ་མང་པོར་སྙིང་ཉེ་ལ་འདྲིས་ཆེ་བའི་སྣང་བ་ཞིག་སྐྱེ་འོང་བ། གསུམ་ནས་གཞས་མ་སྤེན་པ་བདེ་སྐྱིད་ཀྱི་གླུ་གཞས་གཏོང་སྟངས་ལེགས་པས། གཞས་དེ་ལས་ཡིད་དབང་འཕྲོག་ཤུགས་གསར་པ་ཞིག་མངོན་པ་སོགས་རྒྱུ་མཚན་མང་དུ་མཆིས་ཀྱང་། འདིར་ཡིག་ཚོགས་ལ་འཇིགས་ནས་རྒྱས་པར་མ་སྤྲོས། གཞས་དེ་དར་སོ་དེ་ལྟར་བྱེད་དོན་གོང་གི་རྒྱུ་རྐྱེན་དེ་དག་ཕུད། གཞས་ཚིག་དེ་བོད་སྐད་དུ་ལེགས་པོ་སྒྱུར་འདུག་པ་དེ་ནི་རྒྱུ་མཚན་གཙོ་བོ་ཞིག་ཡིན་པར་སེམས། དེས་ན་གཤམ་ལ་ཁོ་བོས་སོ་ཕག་འཕངས་ནས་གཡང་ཊི་འདྲེན་པའི་ཚུལ་གྱིས་གཞས་ཚིག་དེའི་སྒྱུར་སྟངས་ལས་འཕྲོས་ཏེ་རང་ཉིད་ཀྱི་ལྟ་ཚུལ་ཅུང་ཟད་གླེང་བར་བྱའོ།
         དང་པོ། མ་ཡིག་གི་ཡིད་ཡུལ་མཚོན་དགོས་པ།
         ཡིད་ཡུལ་ནི་རྩོམ་རིག་གི་བླ་སྲོག་ལྟ་བུ་ཞིག་རེད། གལ་སྲིད་རྩོམ་རིག་འགྱུར་མར་མ་ཡིག་གི་ཡིད་ཡུལ་མཚོན་མ་ཐུབ་ན། དེ་ནི་དོན་གྱིས་དབུལ་ཞིང་གསོན་ཤུགས་དང་བྲལ་བ་ཞིག་ཏུ་འགྱུར་རྒྱུ་རེད། དེས་ན་སྐུ་ཞབས་མའོ་ཏུན་གྱིས་རྩོམ་རིག་ཡིག་སྒྱུར་གྱི་སྐོར་གླེང་སྐབས“རྩོམ་རིག་ཡིག་སྒྱུར་བྱེད་པ་ནི་སྐད་ཡིག་གཞན་ཞིག་ལ་བརྟེན་ནས་མ་ཡིག་གི་ཡིད་ཡུལ་མཚོན་པར་བྱས་ནས་ཀློག་པ་པོས་བུ་ཡིག་ཀློག་སྐབས་མ་ཡིག་ཀློག་པ་ནང་བཞིན་བློ་སྒོ་འབྱེད་པ་དང་། སེམས་འགུལ་ཐེབས་པ། མཛེས་པའི་མྱོང་བ་ཚོར་ཐུབ་པ་བྱ་རྒྱུ་དེའོ” ཞེས་ཡིད་ཡུལ་མཚོན་རྒྱུ་རྩོམ་རིག་ཡིག་སྒྱུར་གྱི་ཁྱད་ཆོས་སུ་འཇོག་བཞིན་མཆིས་ལ། སུའུ་ལན་གྱི་ལོ་ཙཱ་བ་ཟོ་བོ་ལད་ཧྥུ་ཡིས“རྩོམ་རིག་ཡིག་སྒྱུར་གྱི་ཁྱད་ཆོས་ནི་སྐད་རིགས་གཞན་ཞིག་གིས་མ་ཡིག་ཁྲོད་ཀྱི་གཟུགས་བརྙན་བསྐྱར་མཚོན་བྱ་རྒྱུ་དེ་ཡིན་པས། སྒྲ་དོན་ལ་གཞིགས་ནས་མ་ཡིག་གི་བརྗོད་དོན་བསྐྱར་བཤད་བྱས་ན་མི་འགྲིག དེས་ན་ལོ་ཙཱ་བས་མ་ཡིག་གི་ཚིག་གི་རྣམ་པའམ་སྒྲིག་གཞིའི་དབང་དུ་མ་སོང་བར་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ལོ་ཙཱའི་ལས་ལ་གཞོལ་ཏེ་མ་ཡིག་རྩོམ་མཁན་གྱིས་གསར་བཞེངས་བྱས་པའི་གཟུགས་བརྙན་དེ་ཇི་མ་ཇི་བཞིན་དུ་མཚོན་དགོས”ཞེས་ལོ་ཙཱའི་ལམ་དུ་ཞུགས་སྐབས་མ་ཡིག་གི་ཚིག་སྦྱོར་སྤེལ་སྟངས་ཀྱི་འཆིང་རྒྱར་མ་ཚུད་པའི་སྒོ་ནས་ཡིད་ཡུལ་མཚོན་དགོས་ལུགས་བཤད་ཡོད། གཞས་ཚིག་ཀྱང་རྩོམ་རིག་གི་ཁོངས་སུ་གཏོགས་པས། གཞས་ཚིག་ཡིག་སྒྱུར་བྱེད་དུས་ཀྱང་ཚུལ་དེ་ལས་མ་འདས། དེས་ན་ང་ཚོས་གཞས་ཚིག་སྒྱུར་སྐབས་དོན་གྱི་ངོ་བོར་ཐོད་གཏུགས་ནས་ལོ་ཙཱའི་ལམ་དུ་ཞུགས་དགོས་པ་ལས། སྟག་གཟུགས་ལ་ཝ་གཟུགས་ཀྱི་རི་མོ་སྟོན་པ་ལྟར་ཚིག་གི་རྣམ་པར་བལྟས་ནས་སྒྱུར་བའི་ངལ་བ་རིང་དུ་དོར་དགོས། ཡང་གཅིག་བཤད་ན། ལོ་ཙཱ་བྱེད་སྐབས་མ་ཡིག་གི་ཡིག་འབྲུ་རེ་རེར་གོ་བ་ལེན་པའི་འོས་འགན་ཡོད་པ་ལས། དེ་ལྟར་སྒྱུར་བའི་ལས་འགན་མེད་པས། གང་ལྟར་མ་ཡིག་གི་ཡིད་ཡུལ་མཚོན་ཐུབ་ན། འཕྲི་སྒྱུར་བྱེད་དགོས་སར་འཕྲི་སྒྱུར་དང་། སྣོན་སྒྱུར་བྱེད་དགོས་སར་སྣོན་སྒྱུར། བསྣོར་སྒྱུར་བྱེད་དགོས་སར་བསྣོར་སྒྱུར་སོགས་གང་ལ་གང་འཚམ་གྱི་སྒྱུར་ཐབས་སྤྱོད་དགོས། སྙིང་སྡུག་ལགས་ཞེས་པའི་གཞས་དེར་ལོ་ཙཱ་བས་མ་ཡིག་གི་ཡིག་འབྲུ་རེ་རེ་བཞིན་སྒྱུར་བའི་ངལ་བ་ལྷུར་བླངས་མེད་ལ། སྐབས་བསྟུན་གྱིས་འཕྲི་བ་དང་སྣོན་པ། བསྣོར་བ་སོགས་སྒྱུར་ཐབས་མང་པོ་སྤྱད་ཡོད། འོན་ཀྱང་དེས་མ་ཡིག་གི་བརྗོད་དོན་རྫོགས་པར་མཚོན་རྒྱུར་ངན་ཤན་ཞུགས་མེད་དེ། བུ་ཡིག་ནང་དུའང་ཆར་ཟིམ་ཁྲོད་ན་ཆུང་མ་ཞིག་དྲན་པའི་སྐྱོ་བ་དང་མཉམ་དུ་འགྲོགས་དུས་གཅེས་འཛིན་བྱས་མེད་པའི་འགྱོད་གདུང་ལེགས་པར་མཚོན་པས་སོ།
         གཉིས་པ། རྒྱ་ཆེའི་གསན་པ་པོར་ཕྱོགས་དགོས་པ།
         བརྩམས་ཆོས་གང་ཞིག་ཡིན་རུང་། གལ་ཏེ་ཀློག་པ་པོ་མེད་ཚེ། དེ་ནི་ཕན་པ་མེད་པའི་ཤོག་ཧྲུལ་དང་འདྲ་བ་ཞིག་རེད་ལ། བརྩམས་ཆོས་ནི་ཀློག་མཁན་གྱི་ཆེད་དུ་བྲིས་པ་དང་། བརྩམས་ཆོས་ཀྱི་དགོངས་དོན་དང་རིན་ཐང་། བྱེད་ནུས་སོགས་མཐར་གཏུགས་ན། ཀློག་པ་པོས་བཀླགས་ནས་མངོན་བཞིན་ཡོད། དེས་ན་རྩོམ་པ་པོས་བརྩམས་ཆོས་ཞིག་སྤེལ་བར་འདོད་ན། ཐོག་མར་དམིགས་འབེན་གསལ་པོ་ཞིག་དགོས་ཏེ། སུ་ལ་བལྟོས་དགོས་མིན་ཅིས་ནས་ཀྱང་ཡིད་ལ་འཇོག་དགོས། དེའི་ཐད་བློ་མཐུན་མའོ་ཙེ་ཏུང་གིས “ཚལ་ལ་དཔགས་ནས་ཟས་ཟ་བ་དང་། ལུས་ལ་ཚད་བླངས་ནས་གོས་འཚེམ་ཟེར་བ་བཞིན་རྩོམ་རིག་འབྲི་རྒྱུ་དང་གཏམ་བཤད་བྱ་རྒྱུ་ཡང་དེ་ལྟར་ཡིན”ཞེས་གསུངས་ལ། བོད་ཀྱི་གཏམ་དཔེར་ཡང“རྔ་ལ་དཔག་པའི་འཆམ་རྒྱག་དགོས”ཞེས་ཡུལ་དུས་ལ་བསྟུན་དགོས་ཚུལ་བསྟན་ཡོད། རིག་རྩལ་གྱི་ཞབས་འདེགས་ཞུ་ཡུལ་ནི་རྒྱ་ཆེའི་མང་ཚོགས་ཡིན་པས། ཡིག་སྒྱུར་ལ་ཆ་བཞག་ན། མང་ཚོགས་ཀྱི་རིག་གནས་ཀྱི་ཆུ་ཚད་དང་མཛེས་དཔྱོད་ཀྱི་ལྟ་བ། རིག་གནས་ཀྱི་རྒྱབ་ལྗོངས་སོགས་ལ་དམིགས་ནས་སྒྱུར་ཡིག་ཁ་གསལ་ལ་གོ་བདེ་བ་ཞིག་ཡོང་བར་འབད་དགོས་པ་སྨོས་མེད་རེད། འོན་ཀྱང་མིག་སྔར་གསར་དུ་བརྩམས་པའམ་བསྒྱུར་བའི་གཞས་ཚིག་ཏུ་ཡིག་སྐད་སྤྱད་དྲགས་པའི་སྣང་ཚུལ་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད། དོན་དུ་དེས་གླུ་གཞས་གང་ཞིག་དར་སོ་བྱེད་པའི་བཀག་རྡོ་ལྟ་བུ་ཆགས་བཞིན་མཆིས། གལ་ཏེ་དག་ཆ་ཐོན་པའི་ཁ་སྐད་མང་ཙམ་སྤྱད་ན། མང་ཚོགས་དང་ཐག་ཉེ་རུ་ཕྱིན་ནས། མང་ཚོགས་ཀྱིས་དང་ལེན་བྱེད་པར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ། དེར་བརྟེན་ང་ཚོས་གཞས་ཚིག་སོགས་རྒྱ་ཆེའི་མང་ཚོགས་ལ་དམིགས་པའི་བརྩམས་ཆོས་ལ་ཁ་སྐད་མང་ཙམ་སྤྱོད་དགོས་པར་སེམས། སྙིང་སྡུག་ལགས་ཞེས་པའི་ནང་ལོ་ཙཱ་བས་འབེན་ལ་བལྟས་ནས་མདའ་མོ་འཕེན་པ་ལྟར་རྒྱ་ཆེའི་མང་ཚོགས་ལ་དམིགས་ནས་ཁ་སྐད་སྤྱོད་རྒྱུར་དོ་སྣང་ཆེན་པོ་བྱས་འདུག དཔེར་ན། “ཁྱེད་དང་འགྲིག་ན” ཞེས་པ་དང་། “བསམ་ཤེས་མ་ཐོང”ཞེས་པ། “རང་ཤེད་ཚ་དྲགས”ཞེས་པ། “གསུང་སྐད་འཇོལ་མོ་འདྲ”ཞེས་པ་སོགས་རྒྱ་ཆེའི་མང་ཚོགས་ཀྱིས་ནམ་ཞག་རྒྱུན་དུ་བཤད་དང་ཤོད་བཞིན་པའི་ཚིག་མང་པོ་ཞིག་སྤྱད་འདུག
         གསུམ་པ། མ་ཡིག་དང་བུ་ཡིག་གི་ཚེག་ཁྱིམ་སྤྱིར་ན་མཉམ་དགོས་པ།
         དེ་ཡང་གླུ་གཞས་གང་ཞིག་ཡིན་རུང་། ཚང་མ་ཚིག་གདངས་གཉིས་ལས་མ་གྲུབ་པ་མེད་ལ། ཚིག་གདངས་གཉིས་ནི་གླུ་གཞས་ཧྲིལ་པོ་ཞིག་གི་ནང་གཞི་གཅིག་གི་ཕུང་པོ་ལྟ་བུར་གྱུར་ཡོད། དེའི་དབང་གིས་གཞས་ཚིག་སྒྱུར་སྐབས་བསྒྱུར་བྱའི་གཞས་གདངས་ཀྱིས་བསྒྱུར་ཡིག་ལ་ཚད་བཀག་བཟོ་བཞིན་ཡོད་པ་མཐོང་བས། ལོ་ཙཱ་བས་གཞས་ཚིག་སྒྱུར་སྐབས་གོང་དུ་ཞུས་པ་ལྟར་མ་ཡིག་གི་ཡིད་ཡུལ་མཚོན་རྒྱུར་འབད་ཐོག་བསྒྱུར་བྱའི་གཞས་གདངས་ཀྱི་རིང་ཐུང་ལ་བལྟོས་ནས་བསྒྱུར་ཚིག་བདམས་ཏེ་མ་ཡིག་དང་བུ་ཡིག་གི་ཚེག་ཁྱིམ་སྤྱིར་ན་མཉམ་པ་བྱེད་དགོས། གལ་ཏེ་མ་ཡིག་ལས་བུ་ཡིག་གི་ཚེག་ཁྱིམ་གཅིག་གཉིས་ཀྱིས་ཉུང་བ་ཡོད་ན། ཕལ་ཆེར་སྐྱོན་ཆེན་པོ་མེད་པར་སྣང་། དེ་ལས་ལྡོག་སྟེ་མ་ཡིག་ལས་བུ་ཡིག་གི་ཚེག་ཁྱིམ་ཁ་ཤས་ཀྱིས་མང་བ་ཆགས་ཚེ། དེ་ནི་སྒྱེ་མོར་འབྲུ་རིགས་རྫོང་རྒྱག་པ་ལྟ་བུར་གྱུར་ནས། གཞས་ཚིག་དབྱངས་ཀྱི་རྟ་ཕོར་སྐྱོན་དུས། བདེ་པོ་མེད་པའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་ཐོན་བཞིན་འདུག་པས། གཞས་ཚིག་སྒྱུར་སྐབས་རྩོམ་ལུས་གཞན་དང་མི་འདྲ་བར་ནང་དོན་ཙམ་མ་ཟད། རྣམ་པར་ཡང་བསྟུན་གང་ཐུབ་བྱེད་དགོས་པར་སེམས། ང་ཚོས་གདངས་ནི་བུམ་པ་ཞིག་ཡིན་པའི་དབང་དུ་བཏང་ན། ཚིག་ནི་བུམ་པ་དེའི་ནང་གི་ཨ་རག་ལྟ་བུ་རེད། དེས་ན་བུམ་པར་ཨ་རག་གསར་བླུགས་དྲན་ན། མང་ཉུང་ཚད་རན་པོ་ཞིག་བླུགས་དགོས་ཏེ། མང་ན་ལུད་ཡོང་བ་དང་། ཉུང་ན་ཁེངས་ཀྱི་མེད། གཞས་ཚིག་བསྒྱུར་བར་ཡང་དཔེ་དེ་བཞིན་ནོ། སྙིང་སྡུག་ལགས་ཞེས་པའི་གླུ་གཞས་དེར་ཁྱོན་ཚིག་རྐང་27ཡོད་པ་དང་། ཚིག་རྐང་12ཀྱི་ཚེག་ཁྱིམ་མ་ཡིག་དང་བསྡུར་ན་1གིས་མང་བ་ཡོད་པ་དང་། ཚིག་རྐང་19དང་ 21གི་ཚེག་ཁྱིམ་སོ་སོ་1གིས་ཉུང་བ་ཡོད། དེ་མིན་གྱི་ཚིག་རྐང་24ཡི་ཚེག་ཁྱིམ་མ་ཡིག་དང་ཡོངས་སུ་མཚུངས་བཞིན་འདུག དེར་བརྟེན་སྙིང་སྡུག་ལགས་ཞེས་པའི་གཞས་ཚིག་སྒྱུར་སྐབས་ལོ་ཙཱ་བས་བུམ་པ་རྙིང་པའི་ནང་ཨ་རག་གསར་པ་ཞིམ་ལ་མང་ཉུང་འཚམ་པ་ཞིག་བླུགས་འདུག་གོ
         མདོར་ན། གཞས་ཚིག་སྒྱུར་སྐབས་སྲིད་དོན་རྩོམ་ཡིག་སྒྱུར་བ་ནང་བཞིན་ཐད་སྒྱུར་བྱེད་པའི་ལམ་ལ་མ་ཞུགས་པར་མ་ཡིག་གི་ཡིད་ཡུལ་མཚོན་རྒྱུར་འབད་དགོས་ལ། རྒྱ་ཆེའི་མང་ཚོགས་རྣམས་ལ་ཕྱོགས་ནས་ཁ་གསལ་གོ་བདེའི་སྒྱུར་ཚིག་སྤྱོད་དགོས། དེ་བཞིན་བསྒྱུར་ཡིག་ལ་བསྒྱུར་བྱའི་གདངས་ཀྱི་ཚད་བཀག་ཐེབས་བཞིན་འདུག་པས། མ་ཡིག་དང་བུ་ཡིག་གི་ཚེག་ཁྱིམ་སྤྱིར་ན་མཉམ་པ་བྱེད་དགོས། དེ་ལྟར་བྱས་པ་ཡིན་ན། བསྒྱུར་བའི་གཞས་ཚིག་གང་དེ་མི་རྣམས་ཀྱི་རྣ་བའི་བུ་རམ་ལྟ་བུར་འགྱུར་ངེས་སོ།
      

    ཕྱོགས་བསྡུས་གསར་འགྱུར།