འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས“ཤར་ཕྱོགས་ཀྱི་ཕང་པེ”ཞེས་གྲགས་པའི་ལ་ཅ་རྗེས་ཤུལ་ལ་ཆེད་དམིགས་
    སྲུང་སྐྱོབ་ཀྱི་ཁྲིམས་བཟོས་པ།  

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་13ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་སྐད་སྒྲ《ཀྲུང་དབྱང་རླུང་འཕྲིན་གསར་འགྱུར》ཐོག་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཁོངས་ཀྱི“ཤར་ཕྱོགས་ཀྱི་ཕང་པེ”ཞེས་གྲགས་པའི་ལ་ཅ་རྗེས་ཤུལ་དེ་ཉེ་ཆར་གཟའ་པ་སངས་ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《མཛོ་མོའི་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ལ་ཅ་རྗེས་ཤུལ་སྲུང་སྐྱོབ་དོ་དམ་སྲོལ་ཡིག》ལ་ཆོག་མཆན་སྤྲོད་རྒྱུར་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་དེས་ཡི་གེ་མ་བྱུང་གོང་གི་ཀྲུང་གོའི་གནོད་འཚེའི་རྗེས་ཤུལ་ཆེ་གྲས་འབའ་ཞིག་སྲུང་སྐྱོབ་ཀྱི་ཆེད་དམིགས་ཁྲིམས་བྱུང་བ་མཚོན་ཡོད།
         ཕང་པེའི་སྐོར་གླེང་མ་ཐག་ཀུན་གྱིས་ཤེས་གསལ་ཏེ། དེའང་སྤྱི་ལོ་79ལོར་ཝུའེ་སུའུ་ཝུའེ་མེ་རི་འབར་ནས་དེའི་རྡོ་ཧྲུག་དང་འདམ་གྱིས་གནའ་རབས་རོ་མ་བཙན་རྒྱལ་གྱི་ཆེས་དར་ཆེ་བའི་གྲོང་གི་གྲས་ཡིན་པའི་ཕང་པེ་དེ་མ་ཉིད་དུ་བསྣུབས་ནས་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་མཚམས་ལ་གཞི་ནས་ས་འོག་རིང་མོར་ཚུད་པའི་གནའ་གྲོང་དེ་རྙེད་དེ་ཀུན་གྱི་མིག་ལམ་དུ་སླར་ཡང་མངོན་ཐུབ་པ་བྱུང་ཡོད།
         མཚོ་སྔོན་གྱི་ལ་ཅའི་རྗེས་ཤུལ་དེ་མཚོ་སྔོན་ཞིང་ཆེན་གྱི་མཛོ་མོ་རྫོང་གི་ལ་ཅ་གྲོང་ཚོར་གནས་ཤིང་། རྡོ་ཆས་གསར་མའི་སྐབས་ཀྱི་རུ་ཚོའི་རྗེས་ཤུལ་ཆེ་གྲས་ཤིག་ཡིན་པར་ད་བར་ལོ་ངོ་བཞི་སྟོང་ལྷག་ཙམ་སོང་ལ་ད་ཆ་རང་རྒྱལ་དུ་རྙེད་པའི་གནོད་འཚེའི་རྗེས་ཤུལ་ཆེ་གྲས་གཅིག་པུའང་ཡིན། རྗེས་ཤུལ་དེ་ལོ་རབས་དགུ་བཅུ་པར་སྔོག་འགོ་ཚུགས་པ་ནས་བཟུང་ལས་དོན་པས་བྱེད་སྒོ་སྤེལ་ཡུལ་གྱི་ཐང་ཆུང་ཆུང་དང་གྲུབ་ཆ་དམིགས་བསལ་ལྡན་པའི་བྲག་ཕུག་སོགས་རྗེས་ཤུལ་གལ་ཆེན་རྙེད་པ་དང་། ལྷག་པར་དུ་དེ་གར་རང་བཞིན་མ་ཡིན་པའི་ཐོལ་བྱུང་དོན་རྐྱེན་གྱི་དབང་གིས་རྐྱེན་ལམ་དུ་སོང་བའི་མིའི་ཕུང་རུས་མང་པོ་ཐོན་ཡོད། རུས་པ་དེ་དག་ལ་བལྟས་ཚེ་ལ་ལ་རྐང་ལག་གུམ་ནས་གཞོགས་གཅིག་ཏུ་ཉལ་བའི་ཚུལ་དང་། ལ་ལ་གོག་འགྲོས་བྱེད་པའི་ཚུགས་ཀ་དང་། མས་ཕྲུ་གུ་པང་ལ་ཉར་ཏེ་པུས་མོ་ས་ལ་བཙུགས་ནས་ཕན་ཚུན་འཐམ་འཁྱུད་བྱེད་པ་བཅས་སྐད་ཅིག་ཏུ་ཐོན་པའི་རྣམ་འགྱུར་ལས་གློ་བུར་དུ་བྱུང་བའི་གོད་ཆག་ཁྲོད་གཞན་གྱི་རོགས་རམ་མེད་པའི་ཡ་ང་བའི་སྐྱོ་ཤས་ཤིག་གསལ་ལེར་མངོན།
      

    ཕྱོགས་བསྡུས་གསར་འགྱུར།