མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་བྷེ་ཨུ་རུ་སུའི་འཛམ་གླིང་དམག་ཆེན་གཉིས་པའི་འཐབ་འཛིང་པ་
རྒན་གྲས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་13ཉིན། 09:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་བྷེ་ཨུ་རུ་སུའི་འཛམ་གླིང་དམག་ཆེན་གཉིས་པའི་འཐབ་འཛིང་པ་
རྒན་གྲས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ།

     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་དང་ལྷན་དུ་མེན་སི་ཁེ་ཡི་རྒྱལ་སྲུང་དམག་འཁྲུག་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་བྷེ་ཨུ་རུ་སུའི་འཛམ་གླིང་དམག་ཆེན་གཉིས་པའི་འཐབ་འཛིང་པ་རྒན་གྲས་ཀྱི་འཐུས་མི་15ལ་མཇལ་འཕྲད་གནང་བ་རེད།
     འཐབ་འཛིང་པ་རྒན་གྲས་བཅོ་ལྔའི་ནང་ལོན་མཐོ་ཤོས་དེ་ལོ་95དང་ཆུང་ཤོས་ལོ་88ཡིན། ཁོང་ཚོའི་ཁྲོད་ནས་མི་བཅུ་གཅིག་དེ་སྔ་ཀྲུང་གོའི་བྱང་ཤར་རུ་ཀྲུང་གོའི་དམག་དམངས་ཀྱིས་རི་པིན་དང་དམག་འཐབ་བྱེད་པའི་ནང་ཞུགས་ཏེ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། 
     ཞིས་ཅིན་ཕིང་དང་ལུའུ་ཁ་ཧྲེན་ཁོའོ་ཚོམས་ཆེན་ནང་ཕེབས་སྐབས་དེར་ཡོད་འཐབ་འཛིང་པ་རྒན་གྲས་ཚོ་ཡར་བཞེངས་ནས་དགའ་བསུ་ཞུས་ཤིང་། ཚོམས་ཆེན་ནང་ནས་ཀྲུང་གོ་དང་བྷེ་ཨུ་རུ་སུའི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་རེད། ཞིས་ཅིན་ཕིང་གིས་འཐབ་འཛིང་པ་རྙིང་པ་རེ་རེ་དང་ཕྱག་བཏང་གནང་བ་དང་འབྲེལ་ཁོང་ཚོར་དྲན་གསོའི་གཟེངས་རྟཊ་སྤྲད་གནང་བ་རེད།
     གཟེངས་རྟགས་སྤྲད་ཚར་རྗེས་ཞིས་ཅིན་ཕིང་གིས་གསུང་བཤད་གནང་ནས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་འཐབ་འཛིང་པ་རྒན་གྲས་ཚོར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཤིང་། ཁོང་གིས་འཛམ་གླིང་དམག་ཆེན་གཉིས་པའི་ནང་བྷེ་ཨུ་རུ་སུའི་མི་དམངས་ཀྱིས་རྒྱལ་སྲུང་དམག་འཁྲུག་གི་མེ་མདའ་དང་པོ་དེ་བརྒྱབ་པའི་ཞུམ་པ་མེད་པའི་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་དེར་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བསྔགས་བརྗོད་དང་བརྩི་བཀུར་ཐོབ་ཡོད། འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་ལོ་ཞིག་ཀྱང་ཡིན། འགོ་འཛུགས་སྔ་ཤོས་དང་། དུས་ཚོད་རིང་ཤོས། བློས་གཏོང་མང་ཤོས་བཅས་ཀྱི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གིས་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ལེན་ཆེད་སུབ་ཐབས་བྲལ་བའི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དེ་སྔ་ཧྥ་ཤི་སིའི་རིང་ལུགས་དང་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་མཉམ་དུ་འགོག་རྒོལ་བྱེད་པའི་དམག་འཁྲུག་ནང་བྷེ་ཨུ་རུ་སུའི་མི་དམངས་ཀྱིས་ཀྲུང་གོ་མི་དམངས་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་ཏེ་ཁྲག་དྲོན་ལ་བརྟེན་ནས་མཛའ་གྲོགས་ཀྱི་འབྲེལ་བ་བརྟན་པོ་བཙུགས་ཡོད། ང་ཚོས་རི་འགོག་དམག་འཁྲུག་ལ་མཐའ་མའི་རྒྱལ་ཁ་ལེན་ཆེད་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱ་ཆེད་རང་སྲོག་བློས་གཏོང་མཁན་རྒྱལ་ཁབ་གཉིས་ཀྱི་སྔོན་གཤེགས་དཔའ་བོ་ཚོར་དྲན་གསོ་ཟབ་མོ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་དང་བྷེ་ཨུ་རུ་སུའི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཁོང་ཚོའི་བྱས་རྗེས་རླབས་ཆེན་ཇི་སྲིད་བར་བློ་ལ་ངེས་སྲིད། ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་ཡིས་རྒྱལ་སྲུང་དམག་འཁྲུག་གི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་སྒོ་ཕྱེ་བའི་མཛད་སྒོའི་ཐོག་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ལ་བཟོ་བཅོས་རྒྱག་པ་དང་བཙན་འཛུལ་མཛེས་བཟོ་བྱེད་པའི་ལྐོག་གཡོ་དེ་བྷེ་ཨུ་རུ་སུའི་མི་དམངས་ཀྱིས་རྩ་བ་ནས་ཁས་ལེན་མི་སྲིད་ཅེས་གསུངས་མྱོང་བ་དེར་ངས་ཡི་རངས་ཞུ་རྒྱུ་ཡིན། ང་ཚོས་བྷེ་ཨུ་རུ་སུའི་མི་དམངས་ཚུད་པའི་འཛམ་གླིང་མི་དམངས་དང་མཉམ་དུ་འཛམ་གླིང་དམག་ཆེན་གཉིས་པར་ཐོབ་པའི་རྒྱལ་ཁའི་གྲུབ་འབྲས་དང་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
     ལུའུ་ཁ་ཧྲེན་ཁོའོ་ཡིས་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་དུས་དེར་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བྷེ་ཨུ་རུ་སུར་འཚམས་འདྲི་གནང་བ་དེར་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། འཛམ་གླིང་དམག་ཆེན་གཉིས་པའི་ནང་བྷེ་ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་སྤུན་ཟླ་ལྟ་བུའི་མཛའ་གྲོགས་ཀྱི་འབྲེལ་བ་བཙུགས་ཡོད། མིག་སྔར་རྒྱལ་ཁབ་གཉིས་ཀྱིས་ངེས་པར་དུ་ཕན་ཚུན་དབར་གྱི་ཡིད་ཆེས་ཟབ་ཏུ་བཏང་ནས་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་དགོས། འདི་ལོ་ཀྲུང་གོ་ཕྱོགས་ཀྱིས་གཉེར་རྒྱུའི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་བྷེ་ཨུ་རུ་སུས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། དེ་ནི་ལོ་རྒྱུས་བློ་ལ་ངེས་རྒྱུ་དང་སྔོན་གཤེགས་དཔའ་བོ་ཚོར་དྲན་གསོ་ཞུ་ཆེད་དང་མི་རབས་རྗེས་མས་ལོ་རྒྱུས་ལ་བཟོ་བཅོས་རྒྱག་མི་རུང་བའི་ཉེན་བརྡ་གཏོང་ཆེད་དུ་ཡིན་ཞེས་གསུངས་པ་རེད།
     མཇལ་འཕྲད་མ་གནང་གོང་། ཞིས་ཅིན་ཕིང་དང་ལུའུ་ཁ་ཧྲེན་ཁོའོ་ཡིས་རྒྱལ་སྲུང་དམག་འཁྲུག་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་གཟིགས་སྐོར་གནང་ཞིང་། ཞིས་ཅིན་ཕིང་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་སྐབས་ལུའུ་ཁ་ཧྲེན་ཁོའོ་ཡིས་རྟེན་རྫས་བཤམས་མཛོད་ཁང་གི་སྒོ་རྩ་ནས་ཕེབས་བསུ་ཞུས་གནང་བ་རེད། ཀྲུང་གོ་དང་བྷེ་ཨུ་རུ་སུའི་རྒྱལ་ཁབ་གཉིས་ཀྱི་ན་གཞོན་སློབ་མ་ཚོས་རྟེན་རྫས་བཤམས་མཛོད་ཁང་གི་མདུན་དུ་ལངས་ནས་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ཏེ་ཞིས་ཅིན་ཕིང་ལ་དགའ་བསུ་ཞུས་པ་རེད། རྟེན་རྫས་བཤམས་མཛོད་ཁང་ནང་སྒྲིག་གཤོམས་བྱས་པའི་ཉར་ཚགས་དངོས་པོ་ཁྲི་14ཡོད་པ་དེ་དག་རྒྱལ་སྲུང་དམག་འཁྲུག་གོང་ནས་དམག་རྗེས་བསྐྱར་སྐྲུན་གྱི་དུས་ཚོད་ཀྱི་གོ་རིམ་ལྟར་སྒྲིག་གཤོམས་བྱས་པ་དེ་ཐོག་ནས་བྷེ་ཨུ་རུ་སུའི་དམག་དམངས་ཀྱིས་དགྲ་ལ་མཉམ་སྡང་དང་། རྒྱལ་ཁབ་སྲུང་སྐྱོང་། ཧྥ་ཤི་སི་བཙན་འཛུལ་པར་འགོག་རྒོལ་བཅས་ཀྱི་ཞུམ་མེད་ལོ་རྒྱུས་གཅིག་སྡུད་ཐོག་མངོན་ཞིང་། རྟེན་རྫས་བཤམས་མཛོད་ཁང་ནང་ད་དུང“དམག་འཁྲུག་གི་མེ་ལྕེའི་ནང་བཙུགས་པའི་བྷེ་ཨུ་རུ་སུ་དང་ཀྲུང་གོའི་སྤུན་ཟླའི་མཛའ་གྲོགས”སྐོར་གྱི་དམིགས་བསལ་འགྲེམས་ཁུལ་དུ་སྒྲིག་པའི་པར་རིས་དང་དངོས་པོ་མང་དག་གི་ཐོག་ནས་རི་པིན་ཧྥ་ཤི་སིའི་བཙན་འཛུལ་པའི་གདུག་རྩུབ་དང་ཀྲུང་གོའི་དམག་དམངས་ཀྱི་རི་འགོག་དམག་འཁྲུག་གི་ཞུམ་མེད་བྱས་རྗེས་མངོན་གྱི་འདུག ཞིས་ཅིན་ཕིང་གིས་འགྲེལ་བཤད་ནན་ཏན་ངང་གསན་པ་དང་འབྲེལ་དྲན་གསོའི་དེབ་ཐོག“ལོ་རྒྱུས་བློ་ལ་ངེས། ཞི་བདེ་སྲུང་སྐྱོང་བྱེད”ཅེས་པའི་ཕྱག་བྲིས་ཕྱག་བསྟར་མ་བྲིས་གནང་བ་རེད།དེ་ཉིན་ཞིས་ཅིན་ཕིང་གིས་བྷེ་ཨུ་རུ་སུའི་རྒྱལ་ཁའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་ཕྲེང་བ་ཕུལ་གནང་བ་རེད།