མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་དང་ལུའུ་ཁ་ཧྲེན་ཁོའོ་ཀྲུང་གོ་དང་བྷེ་ཨུ་རུ་སུའི་ས་གནས་དཔལ་འབྱོར་
ཚོང་དོན་མཉམ་ལས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་13ཉིན། 08:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་དང་ལུའུ་ཁ་ཧྲེན་ཁོའོ་ཀྲུང་གོ་དང་བྷེ་ཨུ་རུ་སུའི་ས་གནས་དཔལ་འབྱོར་
ཚོང་དོན་མཉམ་ལས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ།

     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་11ཉིན་ཀྲུང་གོ་དང་བྷེ་ཨུ་རུ་སུའི་ས་གནས་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་མེན་སི་ཁེ་རུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད། ཀྲུང་གོའི་པེ་ཅིང་དང་། ཧེ་ལུང་ཅང་། ཀྲེ་ཅང་། ཀོང་ཏུང་། ཅང་སུའུ། ཧུའུ་པེ། སི་ཁྲོན། ཀན་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་བརྒྱད་ཀྱི་འགན་འཁུར་བ་དང་བྷེ་ཨུ་རུ་སུའི་མེན་སི་ཁེ་གྲོང་ཁྱེར་དང་། མེན་སི་ཁེ་ཀྲོའུ། པུ་ལེ་སི་ཐའེ་ཀྲོའུ་སོགས་ཀྲོའུ་7དང་གྲོང་ཁྱེར་གྱི་སྲིད་འཛིན་དཔོན་གླེང་སྟེགས་ནང་ཞུགས་ཡོད་པ་རེད།
     ཞིས་ཅིན་ཕིང་གི་ཤིས་ཚིག་ནང་ད་ཕན་ལོ་ཤས་རིང་ཀྲུང་གོ་དང་བྷེ་ཨུ་རུ་སུའི་དཔལ་འབྱོར་ཚོང་དོན་འབྲེལ་བ་རྒྱུན་བསྲིང་དང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་འབྲེལ་རྒྱལ་ཁབ་གཉིས་ཀྱི་མ་འཇོག་དང་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་གོམ་སྟབས་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཡོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་འགོར་བའི་རྒྱབ་ལྗོངས་འོག་དེ་ལྟ་བུའི་གྲུབ་འབྲས་ཐོབ་པ་ནི་ལས་སླ་པོ་ཞིག་མིན་ལ། དེ་ཐོག་ནས་ཀྲུང་གོ་དང་བྷེ་ཨུ་རུ་སུའི་དངོས་གཉེར་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད་པ་མངོན་ཡོད། བྷེ་ཨུ་རུ་སུ་ནི་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ལམ་འགྲིམ་འགྲུལ་ངེས་པར་དུ་བརྒྱུད་དགོས་པའི་གནས་ཡིན་པ་དང་ཐུན་མོང་ཐོག་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་བསྐྲུན་རྒྱུར་ཐུན་མིན་གྱི་ས་ཆའི་ལེགས་ཆ་ལྡན་ཡོད། ང་ཚོས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་སྐྲུན་རྒྱུ་དེ་བྷེ་ཨུ་རུ་སུའི་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱས་ཏེ་ཕྱོགས་མང་གི་གཉིས་ཁེ་མཉམ་ལས་ཟབ་ཏུ་བཏང་ནས་ཀྲུང་གོ་དང་བྷེ་ཨུ་རུ་སུའི་རྒྱལ་ཁབ་གཉིས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     ལུའུ་ཁ་ཧྲེན་ཁོའོ་ཡིས་ད་ཐེངས་ཀྱི་བྷེ་ཨུ་རུ་སུ་དང་ཀྲུང་གོའི་ས་གནས་དཔལ་འབྱོར་མཉམ་ལས་གླེང་སྟེགས་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་སྤྱི་ཡོངས་ཀྱི་འབྲེལ་བ་ཆུ་ཚད་མཐོ་པོར་སླེབས་པ་མཚོན་ཡོད། རྒྱལ་ཁབ་གཉིས་ཀྱི་ས་གནས་དང་ཁེ་ལས་ཀྱི་འབྲེལ་བ་དང་མཉམ་ལས་ཟབ་ཏུ་གཏོང་རྒྱུ་དེ་ནི་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞེས་གསུངས་པ་རེད།