འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་བྲག་གསུམ་མཚོ་སྐོར་གྱི་རྐང་འཁོར་འགྲན་བསྡུར་སྤྱི་ཟླ་བཞི་པའི་
    ཟླ་མཇུག་ཏུ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་27ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཉིང་ཁྲི་ས་ཁུལ་བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་དུ་བྲག་གསུམ་མཚོར་སྐོར་བའི་རི་བགྲོད་རྐང་འཁོར་འགྲན་བསྡུར་སྐབས་གསུམ་པ་སྤྱི་ཟླ་བཞི་པའི་ཟླ་མཇུག་ཏུ་བྱ་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་འགྲན་བསྡུར་གྱི་ལམ་ཐག་སྤྱི་ལེ་99བར་རིང་དུ་བཏང་སྟེ་ཉིན་གཉིས་སུ་བགོས་ནས་བྱ་རྒྱུ་ཡིན་པ་རེད། ཉིན་དང་པོར་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་གྱི་སྒོ་འགྲམ་ནས་ཐོན་ཏེ་སྲོལ་རྒྱུན་གྱི་མཚོ་སྐོར་ལམ་བུ་བརྒྱུད་ནས་ཀོང་པོ་གྲོང་ཚོ་དང་བྱེ་པ་གྲོང་ཚོར་བསྐྱོད་རྒྱུ་དང་། ཉིན་གཉིས་པར་སྐྱིད་པ་གྲོང་ཚོ་ནས་མཚོ་འགོ་གསར་པ་བརྒྱུད་སུམ་མདོ་རྩྭ་ཐང་དུ་བསྐྱོད་རྗེས་མཐར་འགྲན་བསྡུར་གྱི་མཐའ་མའི་ས་ཚིགས་སུ་བསྐྱོད་རྒྱུ་རེད། འགྲན་བསྡུར་ལམ་བུར་གཞུང་ལམ་དུམ་བུ་དང་། བྱེ་རྡོའི་དུམ་བུ། རྩྭ་སའི་དུམ་བུ། ནགས་ཚལ་དུམ་བུ། བྱེས་བགྲོད་དུམ་བུ་སོགས་ཚུད་ཡོད།
         2013ལོའི་ཟླ་བ་ལྔ་པར་བྲག་གསུམ་མཚོ་སྐོར་བའི་རྐང་འཁོར་འགྲན་བསྡུར་སྐབས་དང་པོ་བྱས་ནས་ད་བར་སྐབས་གཉིས་བསྟུད་མར་བྱས་ཤིང་། འགྲན་བསྡུར་གྱི་ལམ་དུམ་ཧྲིལ་པོའི་ས་བབ་མཐོ་ཚད་སྨི་3600ལས་བརྒལ་བར་བརྟེན་དབུགས་ཤེད་ལ་འགྲན་སློང་ཆེ་ཙམ་ཡོད་ལ། ལམ་བར་དུ་མཛེས་ལྗོངས་ཡིད་དུ་འོང་བ་ཡོད་པས་རྐང་འཁོར་ལུས་རྩལ་ལ་དགའ་པོ་བྱེད་མཁན་མང་པོ་འགྲན་བསྡུར་ལ་ཞུགས་རྒྱུའི་ཡིད་དབང་འཕྲོག་གི་ཡོད།
         བྲག་གསུམ་མཚོ་ཀོང་པོ་རྒྱ་མདའ་རྫོང་གི་འབའ་ཆུའི་ཆུ་འགོའི་གཡང་གཟར་གྲོག་རོང་དུ་ཆགས་ཤིང་། མཚོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3600ལྷག་ཙམ་དང་རྒྱ་ཁྱོན་མུའུ་དྲུག་སྟོང་ལྷག་ཙམ་ཡོད། མཚོ་སྔོ་ཞིང་དྭངས་ལ་དེའི་མཐའ་འཁོར་དུ་སྔོ་ལྗང་རི་བོ་དང་གངས་རིས་བསྐོར་བ་དང་། 2000ལོར་བྲག་གསུམ་མཚོ་རྒྱལ་ཁབ་Aབཞི་རིམ་པའི་མཛེས་ལྗོངས་ཁུལ་ལ་བདམས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།