འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཤིང་ཏ་ལའི་ལོ་མའི་དཔེ་ཆའི“སཾ་བོད་རྒྱ་དབྱིན་ཤན་སྦྱར་གྱི་ཚིག་མཛོད”བཟོ་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་23ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་འགན་འཛིན་གཞོན་པ། ཤིང་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་ཁང་གི་འགན་འཛིན་འབྲོང་བུ་ཚེ་རིང་རྡོ་རྗེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཞིབ་འཇུག་ཁང་གིས་འདི་ལོ་ནས་འགོ་བརྩམས་ཏེ་ཤིང་ཏ་ལའི་ལོ་མའི་དཔེ་ཆའི“སཾ་བོད་རྒྱ་དབྱིན་བཞི་ཤན་སྦྱར་གྱི་ཚིག་མཛོད”ཅིག་རྩོམ་འབྲི་བྱས་ནས་ཤིང་ཏ་ལའི་ལོ་མའི་དཔེ་ཆ་ཡོངས་བཤེར་གྱི་རེས་སྐོར་གསར་པར་གྲ་སྒྲིག་བྱ་རྒྱུ་ཡིན་ཞེས་བཤད།
         ཤིང་ཏ་ལའི་ལོ་མའི་དཔེ་ཆ་ནི་སྟོན་པ་ཤཱཀྱ་ཐུབ་པའི་དགོངས་གཞི་རྣལ་མ་མཚོན་ཐུབ་པའི“ཆོས་གཞུང་སྙིང་བསྡུས”ལ་བརྩི་ཡི་ཡོད། དེ་ནི་ཕལ་ཆེ་བ་སཾསྐྲི་ཏའི་ཡི་གེས་བྲིས་པ་དང་ནང་དོན་ཐད་ཆོས་ཀྱི་སྐོར་ཕུད་རྩོམ་རིག་དང་། སྒྱུ་རྩལ། མཚན་ཉིད་རིག་པ། ལོ་རྒྱུས། གསོ་རིག རྩིས་རིག་པ། གནམ་དཔྱད་སྐར་རྩིས་སོགས་ཕྱོགས་གང་ས་ཅི་ཐད་ནས་ཡོད་པས་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་དབུས་མའི་རིག་གནས་བརྒྱུད་སྤེལ་དང་ལོ་རྒྱུས་འཕེལ་ཚུལ་ཤེས་རྟོགས་བྱ་རྒྱུར་གལ་ཤིན་ཏུ་ཆེན་པོར་གྱུར་ཡོད།
         འབྲོང་བུ་ཚེ་རིང་རྡོ་རྗེས། ཤིང་ཏ་ལའི་ལོ་མའི་དཔེ་ཆ་ཤེས་མཁན་ཧ་ཅང་དཀོན་པོ་ཡིན་པས་འབྲེལ་ཡོད་ཀྱི་ཞིབ་འཇུག་ལས་ཀར་སྐུལ་མ་སྔར་ལས་ལྷག་པ་གཏོང་ཆེད་དེ་འབྲེལ་གྱི་རྒྱུན་ཤེས་འཁོད་པའི་ཚིག་མཛོད་ཅིག་ངེས་པར་དུ་བཟོ་དགོས་ངེས་ལ་ཐུག་ཡོད་ཅེས་བཤད།
         ཁོང་གིས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་། ཀྲུང་གོའི་བོད་ཤེས་རིག་ཞིབ་འཇུག་ལྟེ་གནས། པེ་ཅིང་སློབ་ཆེན། ཆིང་ཧྭ་སློབ་ཆེན་སོགས་རྒྱལ་ནང་གི་ཚན་ཞིབ་སྟོབས་ཤུགས་དང་མཉམ་དུ་སཾསྐྲི་ཏ་དང་། བོད་ཡིག རྒྱ་ཡིག དབྱིན་ཇི་བཅས་ཡིག་རིགས་བཞི་ཤན་སྦྱར་གྱི“ཤིང་ཏ་ལའི་ལོ་མའི་དཔེ་ཆའི་ཚིག་མཛོད”ཅིག་རྩོམ་འབྲི་བྱེད་རྩིས་ཡོད་ཅེས་་བཤད།
         རང་བྱུང་ཆ་རྐྱེན་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དབང་གིས་ཤིང་ཏ་ལའི་ལོ་མའི་དཔེ་ཆ་ཐོན་ཡུལ་རྒྱ་གར་དང་ནེ་པ་ལར་ད་ལྟ་དེ་ལྟའི་དཔེ་རྒྱུན་ཤིན་ཏུ་དཀོན་པོར་གྱུར་ཡོད།
         བོད་ནི་འཛམ་གླིང་ཐོག་ཤིང་ཏ་ལའི་ལོ་མའི་དཔེ་ཆ་ཉར་ཚགས་བྱེད་མང་ཤོས་དང་ཕུན་སུམ་ཚོགས་ཤོས་གྲས་ཡིན། འབྲོང་བུ་ཚེ་རིང་རྡོ་རྗེས། ཤིང་ཏ་ལའི་ལོ་མའི་དཔེ་ཆའི་ཡོངས་བཤེར་གྱི་རེས་སྐོར་གསར་པའི་ལས་ཀར་གྲ་སྒྲིག་ཡག་པོ་བྱ་རྒྱུ་ཡིན།“ཡོངས་བཤེར་གྱི་རེས་སྐོར་དང་པོའི་ལས་དོན་མཇུག་འགྲིལ་རྗེས་དགོན་སྡེའི་དགེ་འདུན་པ་འགས་ང་ཚོ་བཙལ་བར་ཡོང་བས་ད་དུང་ཡང་ང་ཚོས་མི་ཤེས་པར་ལུས་པ་ཤེས་བྱུང”ཞེས་བཤད།
         2006ལོར་ཀྲུང་གོ་སྲིད་གཞུང་གིས་ད་བར་གཞི་རྒྱ་ཆེ་ཤོས་ཀྱི་བོད་ཀྱི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་ཡོངས་བཤེར་བྱེད་འགོ་བརྩམས་ཤིང་། ལོ་དྲུག་འབད་པ་བྱས་པ་བརྒྱུད་བོད་ལ་བམ་པོ་སྟོང་ལྷག་ཙམ་དང་ལོ་འདབ་ཁྲི་6ལ་ཉེ་བ་ཡོད་པ་དག་ལོ་ངོ་ཆིག་སྟོང་ལྷག་ཙམ་གོང་ནས་བྱུང་ཟིན་པའི་ཁྲོད་མི་ཉུང་བ་ཞིག་དཔེ་ཆ་ཆིག་རྐྱང་དང་། དཔེ་རྒྱུན་དཀོན་པ། རྩ་ཆེ་བ་བཅས་ཡིན་པ་མ་ཟད། དཔེ་ཆ་ཁག་གཅིག་ལ་ད་ལྟའང་བོད་ཡིག་དང་རྒྱ་ཡིག་གི་བསྒྱུར་མ་མཐོང་རྒྱུ་མེད།
         2013ལོའི་ཟླ་12པར་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཤིང་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་ཁང་བཙུགས་པ་ནི་བོད་ཀྱི་ཤིང་ཏ་ལའི་ལོ་མའི་དཔེ་ཆར་ཆེད་མངགས་ཞིབ་འཇུག་བྱེད་པའི་ཀྲུང་གོའི་རིག་གཞུང་སྒྲིག་གཞི་ཐོག་མར་གྱུར།
      

    ཕྱོགས་བསྡུས་གསར་འགྱུར།