འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་འབྲེལ་ཡོད་ཐ་སྙད་ཀྱི་འགྲེལ་བཤད།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་16ཉིན། 08:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི་འབྲེལ་ཡོད་ཐ་སྙད་ལ་འགྲེལ་བཤད་བརྒྱབ་པ་སྟེ།
         1.“ཁུལ་གཅིག་དང་ལམ་གཅིག”ཅེས་པ་ནི། 2013ལོའི་ཟླ་9དང་10པར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཨེ་ཤེ་ཡ་དབུས་མ་དང་ཤར་ལྷོའི་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་རིང་།“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”དང“དུས་རབས་21པའི་མཚོ་ཐོག་གི་དར་གོས་ལམ་བུ”མཉམ་དུ་བསྐྲུན་རྒྱུའི་གྲོས་འགོ་སྔ་རྗེས་སུ་འདོན་གནང་མཛད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས་ལ་འབྲེལ་ཡོད་རྒྱལ་ཁབ་ཀྱིས་བརྡ་ལན་ཧུར་ཐག་ཞུས་ཡོད།“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”དང“དུས་རབས་21པའི་མཚོ་ཐོག་གི་དར་གོས་ལམ་བུ”(བསྡུས་མིང་ལ“ཁུལ་གཅིག་དང་ལམ་གཅིག”ཅེས་བརྗོད)བསྐྲུན་རྒྱུར་སྐུལ་མ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སའི་གོ་ལའི་དུས་བབ་འགྱུར་བར་བལྟས་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་དོན་ཆེན་གཉིས་ལ་གཅིག་འདོམས་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། དེའི་ངོ་བོ་ནི་གནའ་བོའི་དར་གོས་ལམ་བུའི་ལོ་རྒྱུས་ཀྱི་མཚོན་རྟགས་ལ་བརྟེན་ནས་ཞི་བདེ་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་ཡོང་རྒྱུ་དུས་རབས་ཀྱི་བརྗོད་དོན་དུ་བྱས་ཏེ། ས་རྒྱུད་ཀྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་མཉམ་ལས་རོགས་ཟླའི་འབྲེལ་བ་རང་འགུལ་ངང་འཕེལ་རྒྱས་ཧུར་ཐག་བཏང་ནས་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། དཔལ་འབྱོར་ཐད་མཉམ་འདྲེས། རིག་གནས་ཐད་བསྟུན་མཁས་བྱེད་པའི་ཁེ་ཕན་མཉམ་གནས་དང་། ལས་དབང་མཉམ་འཁུར། འགན་འཁྲི་གཅིག་གནས་ཀྱི་ཐུན་མོང་སྒྲིག་གཞི་ཞིག་བཏོད་དེ་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུར་རྣམ་པ་གསར་རྐྱང་ཞིག་ཕྱེ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཕེལ་རིམ་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་བར་དུས་རབས་འབྱེད་པའི་དོན་སྙིང་ཆེན་པོ་ལྡན་ཡོད།
         2.“དྲ་སྦྲེལ་དང་ཟུང་དུ་འབྲེལ་བའི”བྱ་སྤྱོད་འཆར་གཞི་ཞེས་པ་ནི།“དྲ་སྦྲེལ་དང་ཟུང་དུ་འབྲེལ་བ”དེས་དཔལ་འབྱོར་ཀྱི་རྣམ་པ་གསར་པ་ཞིག་མཚོན་གྱི་ཡོད། དེ་ནི་ཐོན་སྐྱེད་རྒྱུ་ཆ་བཀོད་སྒྲིག་ཁྲོད་ཀྱི་དྲ་སྦྲེལ་གྱི་བཟང་སྒྲིག་དང་ལེགས་བསྡུས་ཀྱི་ནུས་པ་གང་ལེགས་བཏོན་ནས་དྲ་སྦྲེལ་གྱི་གྲུབ་འབྲས་གསར་པ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོར་གཏིང་ཟབ་འདྲེས་པར་བྱེད་པའི་ནང་དངོས་ཚན་དཔལ་འབྱོར་གྱི་གསར་གཏོད་ནུས་པ་དང་ཐོན་སྐྱེད་ནུས་པ་ཆེ་རུ་བཏང་སྟེ་ཆེས་རྒྱ་ཁྱབ་ལྡན་པའི་དྲ་སྦྲེལ་གྱིས་རྨང་གཞིར་བྱས་པའི་སྒྲིག་བཀོད་དང་ཡོ་ཆས་སུ་གྱུར་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་བྱེད་པ་དེ་ཡིན།
         3.སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་དངུལ་མཉམ་ལས(PPP,Public-Private-Partnershipབསྡུས་པ་ཡིན)བྱེད་སྟངས་ཞེས་པ་ནི། སྲིད་གཞུང་གིས་དམིགས་བསལ་དུ་སྤྱོད་ཆོག་པའི་གཉེར་སྐྱོང་དབང་ཆ་དང་། ལུགས་མཐུན་ངང་རིན་གོང་གཏན་འབེབས། ནོར་སྲིད་ཁ་གསབ་སོགས་སྔོན་ལ་ཡོང་བསྒྲགས་བྱེད་པའི་ཁེ་སྤོགས་ཁ་ཆད་ཀྱི་གཏན་སྲོལ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་མ་དངུལ་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་སོགས་སྤྱི་ཕན་བྱ་གཞག་གི་མ་འཇོག་དང་འཁོར་སྐྱོད་ནང་གཏོང་དུ་བཅུག་སྟེ་ཁེ་ཕན་མཉམ་སྤྱོད་དང་ཉེན་ཁ་མཉམ་ཁུར་གྱི་ཁྱད་ཆོས་ལྡན་ལ་ཕྱོགས་གཉིས་ཀའི་ལེགས་ཆ་འདོན་པའི་ཐོག་ནས་སྤྱི་པའི་ཐོན་ཟོག་གམ་ཡང་ན་ཞབས་ཞུའི་སྤུས་ཚད་དང་མཁོ་སྤྲོད་ཕན་འབྲས་ཆེ་རུ་གཏོང་བ་ཞིག་ཡིན།
         4.གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་ཨང་ལམ་ལུགས་ཞེས་པ་ནི། སྤྱི་དམངས་ཀྱི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དང་རྩ་འཛུགས་སྒྲིག་གཞིའི་ཚབ་ཨང་གཉིས་རྨང་གཞིར་བྱས་པའི་གྲུབ་ཆ་གཙོ་བོའི་གསལ་འབྱེད་ཚབ་ཨང་ལམ་ལུགས་ཤིག་ཡིན་པ་དེའི་ནང་སྤྱི་དམངས་ཀྱི་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་ཨང་དང་། ཁྲིམས་མི། རྩ་འཛུགས་གཞན་གྱི་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་ཨང་ཚུད་ཡོད། གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་ཨང་ལམ་ལུགས་ལག་ལེན་བསྟར་བ་དེས་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་ཚང་མ་ཇི་སྲིད་གནས་པའི་བར་གཅིག་རང་ལས་མེད་པའི་གྲུབ་ཆ་གཙོ་བོའི་གསལ་འབྱེད་ཚབ་ཨང་སྤྲོད་རྒྱུ་རེད།
         5.སྐབས་འཕྲལ་རོགས་སྐྱོབ་ལམ་ལུགས་ཞེས་པ་ནི། རྒྱལ་ཁབ་ཀྱིས་ཐོལ་བྱུང་དོན་རྐྱེན་དང་། གློ་བུར་གྱི་གནོད་འཚེ། ནད་ཡམས་ཆེན་པོའམ་ཡང་ན་དམིགས་བསལ་རྒྱུ་རྐྱེན་དབང་གིས་གཞི་རྩའི་འཚོ་བར་དཀའ་ངལ་འཕྲད་ནས་སྤྱི་ཚོགས་ཀྱི་རོགས་སྐྱོབ་ལམ་ལུགས་གཞན་གནས་སྐབས་ཁྱབ་མི་ཐུབ་པར་གྱུར་པའམ་ཡང་ན་རོགས་སྐྱོབ་བྱུང་རྗེས་གཞི་རྩའི་འཚོ་བ་གནས་སྐབས་དཀའ་ངལ་ཆེན་པོ་འཕྲད་པའི་ཁྱིམ་ཚང་ངམ་མི་སྒེར་གང་ཡིན་ལ་འཕྲལ་སྡོམ་དང་བར་སྒྲོལ་གྱི་རོགས་རམ་བྱེད་པ་ཞིག་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།