འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚོགས་པ་དང་ཚོགས་ཆུང་གསར་འགོད་པར་སྒོ་མོ་
    འབྱེད་པའི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་11ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚོགས་པ་དང་ཚོགས་ཆུང་གསར་འགོད་པར་སྒོ་མོ་
འབྱེད་པའི་བྱེད་སྒོ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་9ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ཀྱི་འཐུས་མི་ཚོགས་པས་མི་དམངས་ཚོགས་ཁང་ཆེ་མོའི་བོད་ཀྱི་ཚོམས་ཆེན་དུ་ཚོགས་པ་དང་ཚོགས་ཆུང་གསར་འགོད་པར་སྒོ་མོ་འབྱེད་པའི་བྱེད་སྒོ་སྤེལ་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སོགས་ལ་མུ་མཐུད་གྲོས་ཞིབ་གནང་བ་དང་འབྲེལ་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་གསར་འགོད་པས་བཏོན་པའི་དྲི་བར་ལན་ཡང་བསྐྱོན་ཞིང་། མི་དམངས་ཉིན་རེའི་ཚགས་པར་ཁང་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། ཀྲུང་གོ་གསར་འགྱུར་ཁང་། རྒྱ་བྱའི་སྲུང་སྐར་བརྙན་འཕྲིན། ལུའོ་ཐུའོ་གསར་འགྱུར་ཁང་། ཐུན་མོང་གསར་འགྱུར་ཁང་། ཨ་རི་མཉམ་འབྲེལ་གསར་འགྱུར་ཁང་སོགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་པ་96གི་གསར་འགོད་པ་160ལྷག་ཙམ་བཅར་འདྲི་བྱེད་པར་ཡོང་ཡོད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེས་གྲོས་ཞིབ་ནང་ཞུགས་ཡོད་པ་རེད།
         བློ་བཟང་རྒྱལ་མཚན་གྱིས་གཏམ་བཤད་གནང་སྐབས་འདས་ཟིན་པའི་ལོ་དེའི་ནང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་རྒྱུར་དམིགས་ནས་ཐབས་ཇུས་བཏིང་བ་དང་། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་རྒྱུར་དམིགས་ནས་དོན་འཁྱོལ་གྱི་ལེའུ་གསར་པ་བརྩམས་པ། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་དམིགས་ནས་ནུས་ཤུགས་ཡོད་རྒུ་འདོན་པ། སྒོ་ཀུན་ནས་ཏང་ནན་པོ་སྐྱོང་རྒྱུར་དམིགས་ཏེ་རྩ་བ་བརྟན་དུ་གཏོང་བ་བཅས་བྱས་ཏེ་རང་འགུལ་ངང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་མཐུན་རྒྱུར་ཁྲིད་སྟོན་བྱེད་པ་དང་། རྒྱལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ཐོག་ཡར་འཕེལ་བྱུང་བའི་ཐོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚུད་པའི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་སྤོབས་སེམས་དང་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། འདས་ཟིན་པའི་ལོ་དེའི་ནང་བོད་རང་སྐྱོང་ལྗོངས་ཀྱིས་སྒྱུར་འཕེལ་བརྟན་གསུམ་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་བླང་བྱ་མཐའ་འཁྱོངས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ། “དམ་འཛིན་བྱེད་གཞི་ཆ་དྲུག”ལ་དམིགས་པ་དང་། “བྱེད་ཐབས་དྲུག”ལ་ཤུགས་སྣོན་རྒྱག་པ། “མ་མཐའི་མཚམས་ཐིག་གསུམ”བརྟན་པོ་སྲུང་བ་བཅས་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བའི་ཐོག་དཔལ་འབྱོར་མགྱོགས་མྱུར་དང་བརྟན་པོའི་ངང་འཕར་བ། འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ། སྤུས་ཚད་དང་ཕན་འབྲས་ལེགས་པ། འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། དམངས་འཚོ་ལེགས་གཏོང་གི་ཕན་འབྲས་མངོན་གསལ་དོད་པ། སྣོད་བཅུད་ཁོར་ཡུག་བཟང་བ། སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བཅས་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་གསུངས་པ་རེད།
         འཐུས་མི་ཡེ་ཤེས་སྒྲོལ་དཀར་གྱིས་གཏམ་བཤད་གནང་སྐབས་མིག་སྔར་བོད་ཀྱི་སྤྱི་ཚོགས་ཧ་ཅང་ཞི་མཐུན་ཡོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཡོད་པར་བརྟེན་མི་དམངས་མང་ཚོགས་རྣམས་ཀྱི་ཡིད་ཆེས་དེ་བས་བརྟན་དུ་ཕྱིན་ཡོད། ང་ཚོ་སྣེ་གདོང་རྫོང་ཁྱིམ་བྱ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གིས་བོད་བྱ་ལས་སྣོན་དང་། གཟན་ཆས་ལས་སྣོན། སྒོ་ཕྱུགས་དང་ཁྱིམ་བྱ་ཉོ་ཚོང་ཁྲོམ་ར་བཅས་གྲབས་འཛུགས་ཧུར་ཐག་བྱས་ཏེ་ས་མཐོའི་ཁྱད་ཆོས་ལྡན་པའི་བོད་ཀྱི་གསོ་ཚགས་ཐོན་ལས་ཀྱི་སྦྲེལ་ཐག་བཏོད་ནས་མི་སེར་དེ་བས་མང་པོ་ཞིག་ཕྱུག་པོར་འགྱུར་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
        གསར་འགོད་པས་དྲི་བ་འདོན་པའི་བརྒྱུད་རིམ་ནང་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་13གྱིས་དྲི་བ་བཏོན་པར་པད་མ་འཕྲིན་ལས་དང་། བློ་བཟང་རྒྱལ་མཚན། ཝུའུ་དབྱིང་ཅེ་སོགས་ཀྱིས་ལན་བསྐྱོན་གནང་བ་རེད།
         པད་མ་འཕྲིན་ལས་ཀྱིས་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་སྐབས་བོད་ཞི་བས་བཅིངས་འགྲོལ་དང་ལྷག་དོན་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་འཚོགས་ཏེ་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་པ་མ་ཟད། མི་རྒྱུ་དངོས་གསུམ་གྱི་ཐད་མ་དངུལ་ཕོན་ཆེན་བཏང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་དུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཏེ་ལོ་རྒྱུས་ཐོག་འཕེལ་རྒྱས་ཀྱི་དུས་བབ་ལེགས་ཤོས་སུ་བསྐྱོད་ཡོད་ཅེས་གསུངས་པ་རེད། ཁོང་གིས་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་དང་། མི་རིགས་ཁག་གི་མང་ཚོགས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུར་འགན་ལེན། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་རྒྱུ་བཅས་ནི་བོད་ཀྱི་མིག་སྔའི་དམིགས་ཚད་དང་ལས་འགན་ཆེ་ཤོས་དེ་ཡིན། ང་ཚོས་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དཀའ་སྤྱད་འབད་འཐབ་བརྒྱུད་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་གསར་པའི་སྐོར་གླེང་སྐབས་བློ་བཟང་རྒྱལ་མཚན་གྱིས་རྒྱལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་པའི་ཕྱོགས་སུ་བསྐྱོད་པ་དེས་བོད་ཀྱི་འཕེལ་རྒྱས་ལ་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། རྨང་གཞི་ཞན་པ་དང་འགོ་འཛུགས་ཕྱི་བའི་རྐྱེན་གྱིས་མིག་སྔར་བོད་དང་རྒྱལ་ཡོངས་ཀྱི་འཕེལ་རྒྱས་དབར་སྔར་བཞིན་ཧེ་བག་ཆེ་ཙམ་ཡོད། མགྱོགས་མྱུར་ཧེ་བག་ཆུང་དུ་བཏང་ནས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པར་ངེས་པར་དུ་ཅུང་མཐོ་ཙམ་གྱི་དཔལ་འབྱོར་འཕར་བའི་མྱུར་ཚད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ལ་དེ་བས་གཙིགས་ཆེན་བྱེད་དགོས། ང་ཚོས་བོད་ཀྱི་གཞི་རྩའི་གནས་ཚུལ་དང་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གནད་ལ་འཁེལ་བའི་སྒོ་ནས་སྟངས་འཛིན་བྱས་ཏེ་མགྱོགས་མྱུར་རྒྱལ་ཡོངས་འཕེལ་རྒྱས་གོམ་སྟབས་ཀྱི་རྗེས་ཟིན་པ་བྱེད་དགོས་ལ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ལ་དེ་བས་གཙིགས་ཆེན་བྱེད་དགོས་པ་དང་། མིག་སྔའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དམ་འཛིན་བྱེད་དགོས་ལ་ཕུགས་དང་འབྲེལ་བའི་འཕེལ་རྒྱས་ཀྱི་རྨང་གཞིའི་གནད་དོན་གཅིག་འདོམས་ཐག་གཅོད་བྱེད་དགོས་པ། ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཡག་པོ་དང་གང་ལེགས་སྤྱོད་དགོས་ལ་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུའི་གལ་ཆེའི་ནང་གི་འགངས་ཆེ་དེ་སྟངས་འཛིན་ནན་པོ་བཅས་བྱས་ཏེ་དཔལ་འབྱོར་གྲངས་གནས་གཉིས་འཕར་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་འགན་ལེན་དང་སྤྱི་པའི་ཞབས་ཞུ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྩ་བའི་ཆ་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་སྙོམས་རྒྱུ་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནད་དོན་སྐོར་གླེང་སྐབས། ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་དུ་ཐོག་མཐའ་བར་གསུམ་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་དམིགས་བསལ་གང་ཡང་མེད་པའི་བསམ་བློ་མཐའ་འཁྱོངས་བྱས་ཏེ་ཕྱོགས་གཅིག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དམ་འཛིན་དང་གཅིག་ཤོས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་ཐོག་མཐའ་བར་གསུམ་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཚད་མཐོའི་གཅིག་གྱུར་དང་། སྤྱོད་ཚུལ་འཛུགས་སྐྱོང་དང་རུལ་སུངས་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་དང་ཐིང་ཅུས་རིམ་པའི་ལས་བྱེད་པའི་སྒྲིག་འགལ་གྱི་གྱོད་གཞི་ཚབས་ཆེན་ཁག་གཅིག་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱས་ཏེ་རང་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་གིས་རང་སྐྱོང་ལྗོངས་ཀྱིས་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ལ་འགྱུར་ལྡོག་མི་གཏོང་རྒྱུ་དང་། སྨན་བཏང་ནས་ནད་བཅོས་བྱེད་པའི་ཆོད་སེམས་མི་ཆག་པ། རུས་བྲད་དུག་སེལ་གྱི་བློ་སྟོབས་མི་ཉམས་པ། ཐག་གཅོད་ནན་པོ་བྱ་རྒྱུའི་ཆོད་སེམས་ནན་སྲུང་བཅས་བྱས་ཏེ་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོའི་ཐོག་ནས་བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         འཐུས་མི་ཚོས་ད་དུང་ཁུལ་གཅིག་དང་ལམ་གཅིག་གི་འཐབ་ཇུས་དང་། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས། བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་། གཏེར་ཐོན་ཐོན་ཁུངས་གསར་སྤེལ། མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་རྒྱུ་སོགས་ཀྱི་གནད་དོན་ཐད་ལན་བསྐྱོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།