འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།>>བོད་ལྗོངས།

    ༄༅།།བོད་ལྗོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་བུད་མེད་འཐུས་མི་གསུམ་གྱིས་ཕ་ཡུལ་གྱི་
    འགྱུར་ལྡོག་གསར་པ་གླེང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་09ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན།བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱེད་སྐབས་གྲངས་ཉུང་མི་རིགས་ཀྱི་བུད་མེད་འཐུས་མི་གསུམ་གྱིས་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་ལོ་གཅིག་རིང་གི་ཕ་ཡུལ་གྱི་འགྱུར་ལྡོག་གསར་པ་གླེང་།
         “སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་མུ་མཐུད་ཡག་པོ་བརྒྱབ་ནས་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་བཏོན་པ་དེ་ཐོག་ནས་རྒྱལ་ཁབ་ཀྱིས་སྲིད་ཇུས་དང་། དངུལ་བུན། ལག་རྩལ་མཛུབ་ཁྲིད་སོགས་ཀྱི་ཐད་ནས་ང་ཚོར་སྔར་བས་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་མཚོན་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བྱ་དེ་གསོ་ཚགས་བྱེད་མཁན་གྱི་དུད་ཚང་ཆེ་ཤོས་ཡིན་པའི་ཡེ་ཤེས་སྒྲོལ་དཀར་གྱིས་དེ་ལྟར་བཤད།
         ལོ་མང་གོང་ཡེ་ཤེས་སྒྲོལ་དཀར་ནང་སར་གླ་པ་བྱེད་མྱོང་བ་དང་2003ལོར་ཕ་ཡུལ་ལྷོ་ཁ་ས་ཁུལ་གྱི་སྣེ་གདོང་རྫོང་དུ་ལོག་ནས་བྱ་དེ་གསོ་འགོ་ཚུགས་པ་དང་2008ལོར་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་བྱ་གསོ་ར་བ་འཕེལ་རྒྱས་བཏང་།“སྲིད་གཞུང་གི་རོགས་སྐྱོར་འོག་ད་ཆ་བྱ་གསོ་ར་བའི་གཞི་ཁྱོན་ཆེ་རུ་བཏང་ཡོད། ད་ཆ་མཉམ་ལས་ཁང་དུ་ཞུགས་མཁན་ཞིང་འབྲོག་པ་དུད་ཚང་300ལྷག་ཙམ་ཡོད་ལ། ཆ་སྙོམས་དུད་ཚང་རེར་ལོར་ཡོང་འབབ་སྒོར་5000ལྷག་ཙམ་ཡོད”ཅེས་ཁོང་གིས་གསར་འགོད་པར་དེ་ལྟར་བཤད།
         “ལོ་ཁ་ཤས་འཕེལ་རྒྱས་བཏང་བ་བརྒྱུད་མཉམ་ལས་ཁང་དེ་ད་ཆ་གཅིག་གྱུར་ཐོག་བྱ་ཕྲུག་ཉོ་མཁན་དང་། གཅིག་གྱུར་ཐོག་བྱ་ཕྲུག་གསོ་མཁན། གཅིག་གྱུར་ཐོག་བྱ་ལྟོ་མཁོ་འདོན་བྱེད་མཁན། གཅིག་གྱུར་ཐོག་བྱ་དེ་འཚོང་མཁན་བཅས་ཀྱི་དཔལ་འབྱོར་རྩ་འཛུགས་ཤིག་ཏུ་གྱུར་ཡོད་ལ། མང་ཚོགས་ཁྲི་གཅིག་ལྷག་ཙམ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་ཡོད”ཅེས་ཡེ་ཤེས་སྒྲོལ་དཀར་གྱིས་དེ་ལྟར་བཤད།
         “མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་ཐུབ་པ་དེས་མེ་ཏོག་བ་ཕྱིར་སྐྱོད་རྒྱུར་སྟབས་བདེ་བྱུང་བ་མ་ཟད། ཁོང་ཚོའི་བསམ་བློར་བཅིངས་འགྲོལ་གཏོང་ཐུབ་པ་བྱུང་ཡོད། ན་ནིང་ནས་བཟུང་ཕྱིར་ལས་ཀ་བྱེད་པར་འགྲོ་མཁན་ཇེ་མང་དུ་ཕྱིན་པ་དང་མི་རེར་ཉིན་རེར་ཉུང་མཐར་ཡང་སྒོར་200ལྷག་ཙམ་བྱུང་ཡོད། སྨྱུག་ལས་ཐོན་ཟོག་བཙོངས་ནས་ཡོང་འབབ་གསོག་མཁན་ཡང་མི་ཉུང་བ་ཞིག་ཡོད”ཅེས་མོན་པ་རིགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་ལྗོངས་མེ་ཏོག་རྫོང་བདེ་ཞིང་ཤང་སྤ་སྟེང་རྩེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་པད་མ་ཆོས་སྒྲོན་གྱིས་དེ་ལྟར་བཤད།
    ངོ་སྤྲོད་བྱས་པར་གཞིགས་ན། སྤ་སྟེང་རྩེ་གྲོང་ཚོར་དུད་ཚང་23དང་མི་156ཡོད་པ་དང་གྲོང་མིའི་ལོའི་ཆ་སྙོམས་ཡོང་འབབ་དེ་རླངས་འཁོར་ཤར་གཏོང་མ་ཐུབ་གོང་གི་སྒོར་4000ལྷག་ཙམ་ནས་སྒོར་6000ལྷག་ཙམ་བར་འཕར་ཡོད། སྲིད་ཇུས་རང་བཞིན་གྱི་ཡོང་འབབ་ཡོད་པ་ཕུད་ཡོང་འབབ་ཕལ་ཆེ་བ་སྨྱུག་ལས་ཐོན་ཟོག་བཙོངས་པ་དང་ཕྱིར་ལས་ཀ་བྱས་པ་ལས་ཡོང་གི་ཡོད།
         རང་རྒྱལ་གྱི་མི་འབོར་ཉུང་ཤོས་གྲས་ཡིན་པའི་མོན་པ་རིགས་ཀྱི་འཐུས་མི་པད་མ་ཆོས་སྒྲོན་གྱིས་མི་རིགས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱ་རྒྱུར་ཧ་ཅང་དོ་ཁུར་བྱེད་ཅིང་། སྲིད་གཞུང་གི་ལས་དོན་་སྙན་སྒྲོན་ནང་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཁྱད་ལྡན་གྲོང་རྡལ་སྲུང་སྐྱོང་དང་འཕེལ་རྒྱས་བཏང་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། འཆམ་མཐུན་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ལུགས་བཏོན་པས་ཁོང་ལ་སེམས་འགུལ་ཆེན་པོ་ཐེབས།
    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་ལྗོངས་ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་གཞོན་པ་བཀྲ་ཤིས་དབྱངས་ཅན་གྱིས་ལྷོ་པའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱ་རྒྱུར་དོ་ཁུར་བྱེད་ཅིང་།“ན་ནིང་ནས་བཟུང་ཤང་ནང་དུ་གཟའ་འཁོར་རེར་ལྷོ་པའི་སྐད་ཡིག་སློབ་ཚན་འཁྲིད་ཀྱི་ཡོད། ས་གནས་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་3800བཏང་ནས་ཤང་ནང་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་ནང་མདོ་ཡུལ་གྲོང་ཚོར་དུད་ཚང་23ལ་སྡོད་ཁང་གསར་པ་བརྒྱབ་པའི་ཐོག་ཚོང་ལས་དྲ་ཚིགས་ཀྱང་བཙུགས་པ་མ་ཟད། མཛེས་ལྗོངས་ཁུལ་དང་ལྷོ་པའི་རིག་གནས་བརྒྱུད་སྦྱོང་བྱ་ཡུལ་བཙུགས་ཡོད། ད་ཆ་ལྷོ་པ་ཤང་མི་རིགས་རིག་གནས་ཀྱི་རྣམ་པ་དེ་བས་ཟབ་ཏུ་ཕྱིན་ནས་ལྷོ་པ་མི་རིགས་ཀྱིས་ཡུལ་སྐོར་ལས་རིགས་གསར་སྤེལ་བྱ་རྒྱུར་རྨང་གཞི་བཏིང་ཡོད”ཅེས་ཁོང་གིས་དེ་ལྟར་བཤད།
         བཀྲ་ཤིས་དབྱངས་ཅན་གྱིས“སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གྲངས་ཉུང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱ་རྒྱུར་མཐོང་ཆེན་བྱེད་དགོས་ལུགས་བཏོན་པས་ངའི་མི་རིགས་ཤང་ཧུར་ཐག་བསྐྲུན་རྒྱུའི་ཡིད་ཆེས་བརྟན་དུ་ཕྱིན་སོང་། རིག་གནས་ཡུལ་སྐོར་ཁྲོད་ནས་ལྷོ་པ་རིགས་ཀྱི་མི་སེར་རྣམས་ལ་ཕན་པ་ཐོབ་རྒྱུ་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།