འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་གྲོས་ཚོགས་ཐེངས་གསུམ་པ་
    པེ་ཅིང་དུ་འགོ་ཚུགས་པ།

    ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་07ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་གྲོས་ཚོགས་ཐེངས་གསུམ་པ་
པེ་ཅིང་དུ་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་5ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་སྐབས་དུས་རབས་ཀྱིས་ཀྲུང་གོ་གོང་འཕེལ་དར་རྒྱས་ཡོང་རྒྱུར་ལོ་རྒྱུས་ཀྱི་གོ་སྐབས་སྦྱིན་ཡོད་པས་ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་བློ་རྩེ་གཅིག་སྒྲིམ་དང་གསར་འབྱེད་གསར་གཏོད་བྱས་ནས་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་དང་།“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར། འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་མཛུབ་སྟོན་གནང་བ་རེད།
          དཔྱིད་ཀྱི་དཔལ་ཡོན་ཤར་བས་གང་སར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཞིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་འཆང་བཞིན་ཚོགས་འདུ་གཟབ་རྒྱས་ནང་ཞུགས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་སྒྲུབ་བཞིན་ཡོད། མི་དམངས་ཚོགས་ཁང་ཆེ་མོའི་མི་ཁྲི་ཤོང་བའི་ཚོགས་ཁང་ཆེ་མོའི་ནང་རྣམ་པ་བརྗིད་ཉམས་ལྡན་ལ་འཁྲུག་པོ་ཡོད་པ་དང་། ཀྲུའུ་ཞི་སྡིངས་ཆའི་ཡོལ་བའི་དབུས་སུ་རྒྱལ་དར་མཐོན་པོར་བཀལ་ཡོད་པ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཀྲང་ཏེ་ཅང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ལི་ཅན་གོ་དང་། ཝང་ཧྲེང་ཅུན། ཁྲེན་ཀྲང་ཀྲི། ཡན་ཅུན་ཆི། ཝང་ཁྲེན། ཧྲེན་གཡོད་གཡོད། ཅེ་པིང་ཤོན། ཀྲང་ཕིང་། བྱམས་པ་ཕུན་ཚོགས། ཨའེ་ལི་ཀེང•དབྱི་མིང་པ་ཧའེ། དབན་ཨེ་ཤང་། ཀྲང་པའོ་ཝུན། ཁྲེན་ཀྲུའུ་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
         ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་དང་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཕེབས་དགོས་པའི་འཐུས་མི་2964ཡིན་པ་དང་། ཚོགས་འདུའི་ཉིན་འཐུས་མི་2907དངོས་སུ་ཕེབས་པ་དང་འཐུས་མི་57ཕེབས་མེད་པ་དང་། ཚོགས་འདུར་ཕེབས་མཁན་འཐུས་མིའི་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
         སྔ་དྲོའི་ཆུ་ཚོད་9པར་ཀྲང་ཏེ་ཅང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་མ་ཐག་ཚང་མས་ཡར་བཞེངས་ནས་རྒྱལ་གླུ་བླངས་པ་རེད།
         ཚོགས་འདུའི་གྲོས་རིམ་གཞིར་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་དང་། སྙན་སྒྲོན་ཁག་དྲུག་ལ་དབྱེ་ཡོད་པ་སྟེ། དང་པོ། 2014ལོའི་ལས་དོན་གྱི་ཕྱིར་དྲན་སྐོར་དང་། གཉིས་པ། 2015ལོའི་ལས་དོན་གྱི་སྤྱིའི་བཀོད་སྒྲིག་སྐོར། གསུམ་པ། སྒྱུར་བཅོས་སྒོ་དབྱེ་ཏན་ཏིག་ངང་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུའི་སྐོར། བཞི་པ། དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་དང་གྲུབ་ཆ་ལེགས་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུའི་སྐོར། ལྔ་པ། དམངས་འཚོ་ལེགས་གཏོང་དང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུའི་སྐོར། དྲུག་པ། སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུའི་སྐོར་བཅས་རེད།
         ལི་ཁེ་ཆང་གིས་འདས་ཟིན་པའི་ལོ་གཅིག་ནང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཀུན་སེམས་གཅིག་སྒྲིལ་དང་དཀའ་སེལ་འགག་སྒྲོལ་གྱིས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་ལེགས་སྒྲུབ་བྱས་པས་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བའི་ཐད་འགོ་ཡག་པོ་འཛུགས་ཐུབ་པ་དང་། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐད་ལམ་བུ་གསར་པ་གཏོད་པ། སྒོ་ཀུན་ནས་ཏང་ནན་པོ་སྐྱོང་བའི་ཐད་འཕེལ་རྒྱས་གསར་པ་བྱུང་བ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་སྤོ་བ་བཅས་བྱུང་ཡོད་ཅེས་གསུངས་པ་དང་། ལི་ཁེ་ཆང་གིས་གཙོ་གནད་ཐོག་སྤྱི་ཁོག་སྙོམས་སྒྲིག་གི་བསམ་ཕྱོགས་དང་བྱེད་ཐབས་མུ་མཐུད་གསར་གཏོད་བྱས་ནས་བར་མཚམས་ནང་སྟངས་འཛིན་བྱེད་པའི་རྨང་གཞིའི་ཐོག་གནས་གཏན་འཁེལ་གྱི་སྟངས་འཛིན་བྱས་ནས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱེད་ཟབ་ཏུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བྱེད་པ། གྲུབ་ཆ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་བ། དམངས་འཚོ་འགན་ལེན་གྱི་དྲ་རྒྱ་བརྟན་པོ་བཙུགས་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱས་ནས་ཞི་མཐུན་བརྟན་ལྷིང་ལ་སྐུལ་སྤེལ་གཏོང་བ་སོགས་ཀྱི་ཐད་ཕྱིར་དྲན་གནང་བ་རེད།
         ལི་ཁེ་ཆང་གིས་ང་ཚོས་གྲུབ་འབྲས་མཐོང་ཐུབ་པ་བྱེད་དགོས་ལ་མདུན་སྐྱོད་ཁྲོད་ཀྱི་དཀའ་ངལ་དང་འགྲན་སློང་དེ་བས་མཐོང་ཐུབ་པ་བྱེད་དགོས། གནད་དོན་ལ་དམིགས་ནས་དུས་བདེའི་སྐབས་ཉེན་ཁ་མི་བརྗེད་པ་དང་། བཅོས་སྐྱོང་སྐབས་ཟང་ཟིང་མི་བརྗེད་པ། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་ཐོག་ནས་ལོ་རྒྱུས་ཀྱི་འགན་འཁྲི་ཆུད་ཟོས་སུ་མི་གཏོང་བ་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་རྒྱུའི་མཛུབ་སྟོན་གནང་བ་རེད།
         ལི་ཁེ་ཆང་གིས་2015ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་ཚུད་དམིགས་ཚད་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་7%ཙམ་འཕར་བ་དང་། ཡུལ་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཙམ་ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་1000ཡན་གསར་དུ་ལས་ཞུགས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་4.5%ནང་ཚུན་དུ་ཚོད་འཛིན། ཕྱིར་གཏོང་ནང་འདྲེན་6%ཙམ་འཕར་བ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ། དཔལ་འབྱོར་འཕེལ་རྒྱས་དང་མཉམ་དུ་ཡུལ་མིའི་ཡོང་འབབ་འཕར་བ་བཅས་བྱ་རྒྱུ་དང་ནུས་རྒྱུ་ཟད་ཤུགས་3.1%ཡན་ཆག་པ་དང་སྦགས་བཙོག་དངོས་པོ་གཙོ་གྲས་ཕྱིར་འབུད་བྱེད་ཚད་མུ་མཐུད་ཉུང་དུ་གཏོང་རྒྱུ་དེ་རེད་ཅེས་གསུངས་པ་རེད།
         ལི་ཁེ་ཆང་གིས་2015ལོར་སྲིད་གཞུང་གིས་ལས་དོན་སྒྲུབ་པའི་བརྒྱུད་རིམ་ནང་གནད་དོན་གསུམ་ཁོང་དུ་ཆུད་པ་བྱེད་དགོས་པ་སྟེ། གཅིག་ནི་སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་བརྟན་ལྷིང་དང་འཐུས་ཚང་གཏོང་རྒྱུ་དང་། གཉིས་ནི་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་དང་གྲུབ་ཆ་ལེགས་སྒྲིག་དོ་སྙོམས་རྒྱུན་འཁྱོངས་བྱ་རྒྱུ། གསུམ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་དང་འཕེལ་བ་བྱ་རྒྱུ་བཅས་ཡིན་ཞེས་སྙན་སྒྲོན་གནང་བ་དང་ཁོང་གིས་2015ལོ་ནི“ལོ་ལྔ་ཚན་བཅུ་གཉིས་པའི”མཇུག་བསྡུའི་ལོ་ཞིག་ཡིན་པས“ལོ་ལྔ་ཚན་བཅུ་གཉིས་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་ལེགས་གྲུབ་བྱེད་དགོས་པ་དང་ཆབས་ཅིག་སྒྱུར་བཅོས་ཀྱི་སྙིང་སྟོབས་དང་། གསར་གཏོད་ཀྱི་བསམ་བློ། ཚན་རིག་དང་མཐུན་པའི་བྱ་ཐབས་བཅས་ལ་བརྟེན་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་བཟོ་བའི་ལས་དོན་ཡག་པོ་སྒྲུབ་སྟེ་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ཀྱི་འཆར་གཞི་ཡག་པོ་འདིང་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས་སྒྱུར་བཅོས་སྒོ་དབྱེ་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་མཆོག་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུ་གཙོ་གནད་དུ་འཛིན་ཏེ་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བ་དང་། གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་སྒྱུར་བཅོས་ཐད་ཚད་བརྒལ་གསར་པ་ཡོང་བ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཆེ་རུ་གཏོང་དགོས། ངེས་པར་དུ་རེས་སྐོར་གསར་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་བྱེད་པ་དང་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་གྱི་སྒྲིག་གཞི་གསར་པ་སྐྲུན་མགྱོགས་སུ་བཏང་སྟེ་སྒོ་དབྱེའི་རང་འགུལ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རང་འགུལ་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་འགུལ་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་དང་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུ་ནི་གཅིག་རམ་གཅིག་འདེགས་ཡིན་པས་ང་ཚོས་དཔལ་འབྱོར་དེ་ལུགས་མཐུན་གྱི་བར་མཚམས་ནང་འཁོར་སྐྱོད་ནུས་ལྡན་ཐུབ་པ་བྱེད་དགོས་ལ་དཔལ་འབྱོར་རིགས་སྒྱུར་རིམ་སྤོར་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་ཀྱང་གཏོང་དགོས། དམངས་འཚོའི་ཐད་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་མགྱོགས་མྱུར་གཏོང་བ་དང་། ཡོང་འབབ་བགོ་བཤའི་ལམ་ལུགས་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་ངང་ཡུལ་མིའི་ཡོང་འབབ་མང་དུ་གཏོང་བ། སྤྱི་ཚོགས་འདྲ་མཉམ་དྲང་བདེན་དང་ཞི་མཐུན་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་སྲིད་གཞུང་དང་། གསར་གཏོད་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུའི་རྣམ་པའི་སྲིད་གཞུང་བཅས་མགྱོགས་མྱུར་བསྐྲུན་པ། སྲིད་གཞུང་གི་ལག་ལེན་བསྟར་ནུས་དང་ཀུན་གྱིས་ཡིད་ཆེས་ཐོབ་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
         ད་དུང་ལི་ཁེ་ཆང་གིས་མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་རང་མིའི་ལས་དོན་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། ཤང་ཀང་དང་ཨའོ་མོན་འཕེལ་རྒྱས་དང་ངོགས་གཉིས་ཀྱི་འབྲེལ་བ་བཅས་དང་དེ་བཞིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་ཐད་རྒྱས་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།