མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་གོང་འཕེལ་གཏོང་བའི་འགྲོ་ལམ་
མཐའ་འཁྱོངས་ཀྱིས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱས་ནས་ངོགས་གཉིས་
ཀྱི་སྤུན་ཟླར་བདེ་སྐྱིད་སྐྲུན་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་06ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་གོང་འཕེལ་གཏོང་བའི་འགྲོ་ལམ་
མཐའ་འཁྱོངས་ཀྱིས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱས་ནས་ངོགས་གཉིས་
ཀྱི་སྤུན་ཟླར་བདེ་སྐྱིད་སྐྲུན་དགོས་པའི་ནན་བཤད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་4ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན། སྤུན་ཟླ་ཐའེ་དབན་བའི་མཐུན་འབྲེལ་ལྷན་ཚོགས་བཅས་ཀྱི་ཨུ་ཡོན་ལ་གཟིགས་ནས་ཨུ་ཡོན་ཚོའི་བསམ་འཆར་དང་གྲོས་འགོ་གསན་པ་དང་འབྲེལ་གལ་ཆེའི་གསུང་བཤད་ཀྱང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ལྷན་དུ་གཟིགས་པར་ཕེབས་པ་དང་གྲོས་བསྡུར་ནང་ཞུགས་པ་རེད།
         ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཟླ་3ཚེས་4ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན། སྤུན་ཟླ་ཐའེ་དབན་བའི་མཐུན་འབྲེལ་ལྷན་ཚོགས་བཅས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ནས་ཨུ་ཡོན་ཚོའི་བསམ་འཆར་དང་གྲོས་འགོ་གསན་ཞིང་། ཁོང་གིས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་གོང་འཕེལ་གཏོང་རྒྱུ་ནི་ངོགས་གཉིས་ཀྱི་ཞི་བདེ་སྲུང་སྐྱོང་དང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་སྤེལ། ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་སྐྲུན་པ་བཅས་ཀྱི་ཡང་དག་པའི་འགྲོ་ལམ་ཞིག་ཡིན་ལ་ཞི་བདེ་དང་གཅིག་གྱུར་གྱི་འོད་སྟོང་འཕྲོ་བའི་ལམ་ཆེན་ཐོག་བསྐྱོད་པ་བརྒྱུད་ང་ཚོས་བློ་བརྟན་འགྱུར་མེད་ངང་ཞི་བདེའི་ངང་གོང་འཕེལ་གཏོང་བའི་འགྲོ་ལམ་ཐོག་སྐྱོད་པ་དང་། བློ་བརྟན་འགྱུར་མེད་ངང་ཐུན་མོང་གི་ཆབ་སྲིད་རྨང་གཞི་བརྟན་དུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་སྐྲུན་པ། བློ་བརྟན་འགྱུར་མེད་ངང་མཉམ་དུ་མི་རིགས་བསྐྱར་དར་ཡོང་བ་བཅས་བྱེད་དགོས་པ་ཞིག་ཀྱང་ཡིན་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཅིག་ནང་ང་ཚོས་ཐའེ་དབན་ལས་དོན་གྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་མཐའ་འཁྱོངས་བྱས་པས་ངོགས་གཉིས་ཀྱི་ལམ་ལུགས་ཅན་གྱི་གྲོས་མོལ་ཐད་གྲུབ་འབྲས་གསར་པ་ཐོབ་པ་དང་། ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་འདྲེས་གོང་འཕེལ་ཡོང་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ། ཁྱབ་ཁོངས་ཁག་ཏུ་སྤེལ་རེས་མཉམ་ལས་ཐད་གོང་འཕེལ་འགྲོ་ཚུལ་བཟང་པོ་རྒྱུན་འཁྱོངས་ཐུབ་པ། ཐའེ་དབན་གྱི་དུས་བབ་སྤྱིའི་ཆ་ནས་བརྟན་ལྷིང་བྱུང་ཡོད། མཐར་གཏུགས་ནས་བརྗོད་ཚེ་ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་ཕྱོགས་ཀྱི་རག་ལས་སའི་འགག་རྩ་ནི་མེས་རྒྱལ་སྐམ་ས་ཆེན་པོ་འཕེལ་རྒྱས་ཡར་ཐོན་ཡོང་བ་བྱེད་རྒྱུ་དེ་ཡིན་པས་ང་ཚོས་རང་ངོས་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག་ཡང་དག་པའི་བྱ་ཐབས་སྤྱད་དེ་ཐའེ་དབན་གྱི་ལས་དོན་ལེགས་པར་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་2008ལོ་ནས་བཟུང་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་གོང་འཕེལ་གཏོང་བའི་ལམ་བུའི་ཐོག་བསྐྱོད་པས་ངོགས་གཉིས་ཀྱི་འབྲེལ་བའི་ཐད་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་གཏིང་ཟབ་བྱུང་སྟེ་མཉམ་ལས་གཉིས་ཁེའི་མདུན་ལམ་བཟང་པོ་མངོན་ཡོད། ཞི་བདེ་ནི་ཆེས་རྩ་ཆེན་ཞིག་ཡིན་པས་ཞི་བདེ་སྲུང་སྐྱོང་བྱེད་དགོས་ཀྱི་ཡོད། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་གོང་འཕེལ་གཏོང་བའི་ཉམས་མྱོང་ཕྱོགས་སྡོམ་གྱིས་སེམས་ནུས་ཡོད་རྒུས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་གོང་འཕེལ་གཏོང་བའི་གྲུབ་འབྲས་སྲུང་སྐྱོང་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”གྱིས་ངོགས་གཉིས་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པ་དང་། གླེང་མོལ་དང་གྲོས་མོལ་བྱེད་པ། ཞི་བདེའི་ངང་གོང་འཕེལ་གྱི་ངོགས་གཉིས་ཀྱི་འབྲེལ་བ་ལེགས་སུ་དང་གོང་འཕེལ་གཏོང་བ་བཅས་ཀྱི་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད། གལ་ཏེ་ངོགས་གཉིས་ཕྱོགས་གཉིས་པོའི་ཐུན་མོང་གི་ཆབ་སྲིད་རྨང་གཞིར་གཏོར་བཤིག་ཕོག་ཚེ་ངོགས་གཉིས་ཕན་ཚུན་ཡིད་ཆེས་བྱེད་ཐབས་བྲལ་བར་གྱུར་ནས་ངོགས་གཉིས་ཀྱི་འབྲེལ་བ་སླར་ཡང་ལྷིང་འཇགས་མེད་པའི་གནས་སུ་གྱར་རྒྱུ་ཡིན་པས་ང་ཚོས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཐའེ་དབན་དབང་འཛིན་ལས་ཁུངས་དང་སྲིད་ཏང་ཁག་དང་མཉམ་དུ་སྤེལ་རེས་བྱེད་པའི་རྨང་གཞི་དང་ཆ་རྐྱེན་ཞིག་ཏུ་བརྩི་དགོས་པ་དང་། དེའི་ལྟེ་བ་ནི་སྐམ་ས་ཆེ་མོ་ཁས་ལེན་དང་ཐའེ་དབན་དེ་ཉིད་ཀྲུང་གོའི་མངའ་ཁོངས་སུ་གཏོགས་པ་ཁས་ལེན་བྱ་རྒྱུ་དེ་རེད། དེའི་ཐད་ཀྱི་ལས་དོན་ལེགས་པར་བསྒྲུབ་ཐུབ་ཚེ་ཐའེ་དབན་གྱི་སྲིད་ཏང་དང་ཚོགས་པ་གང་རུང་གིས་སྐམ་ས་ཆེ་མོ་དང་སྤེལ་རེས་བྱེད་པའི་ཐད་འགོག་རྐྱེན་གང་ཡང་མེད། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་དང་དེའི་བྱེད་སྒོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་བཟོ་བ་དང་། ངོགས་གཉིས་ཀྱི་དམངས་ཚོགས་དང་སྤྱི་ཚོགས་ཁ་གཏད་དུ་ལངས་རྒྱུའི་རེ་ངན་འཆང་བ། ངོགས་གཉིས་ཀྱི་སྤུན་ཟླའི་བསམ་པའི་སྦྲེལ་ཐག་གཅོད་ཀྱི་ཡོད་པས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་གོང་འཕེལ་ཡོང་བའི་འགོག་རྐྱེན་ཆེ་ཤོས་དང་ཐའེ་དབན་ཞི་བདེ་བརྟན་ལྷིང་གི་ཉེན་ཁ་ཆེ་ཤོས་དེ་ཡིན་པས་ངེས་པར་དུ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་ངོགས་གཉིས་ཀྱི་སྤུན་ཟླ་ཚོས“ཐའེ་དབན་རང་བཙན”གྱི་ཕྱོགས་གཏོགས་ལ་དོགས་ཟོན་ཆེར་བསྐྱེད་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བསྐྲུན་རྒྱུ་དེ་ནི་ང་ཚོས་ངོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་གཏོང་བའི་དམིགས་ས་དང་དོན་ལ་བབས་ས་ཞིག་ཡིན། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་གོང་འཕེལ་ཡོང་བ་བྱེད་པའི་ཐད་ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ་དང་། ངོགས་གཉིས་ཀྱི་སྤུན་ཟླར་བརྟེན་ནས་མཉམ་དུ་སྲུང་སྐྱོང་བྱེད་དགོས་པའི་ཁར་ངོགས་གཉིས་ཀྱི་སྤུན་ཟླས་མཉམ་སྤྱོད་ཐུབ་པ་བྱེད་དགོས། ང་ཚོས་ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་སྐྲུན་པའི་འདུ་ཤེས་ལ་འགྱུར་ལྡོག་མི་གཏོང་རྒྱུ་དང་ཐའེ་དབན་སྤུན་ཟླར་བྱ་བ་དངོས་དང་བྱ་བཟང་སྒྲུབ་པའི་སྲིད་ཇུས་བྱ་ཐབས་ལ་འགྱུར་ལྡོག་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། ང་ཚོས་ཐའེ་དབན་ལས་རིགས་ཁག་དང་ལྷག་དོན་དུ་གཞི་རིམ་དམངས་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་རྒྱུར་སྣང་ཆེན་བྱེད་པ་དང་ཐའེ་དབན་སྤུན་ཟླའི་བསམ་ཚུལ་དང་དགོས་མཁོ་ཤེས་འདོད་ཡོད། ཐའེ་དབན་གྱི་སྤུན་ཟླ་དེ་བས་མང་བ་ངོགས་གཉིས་པོའི་སྤེལ་རེས་ཆེན་པོའི་བརྒྱུད་རིམ་ནང་ཞུགས་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་མཁན་དང་ཞུགས་མཁན་དུ་འགྱུར་རྒྱུར་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་མུ་མཐུད་དེ་ངོགས་གཉིས་ཀྱི་སྤུན་ཟླའི་དབར་འགྲོ་འོང་བྱེད་རྒྱུར་ཤུགས་སྣོན་གྱིས་ངོགས་གཉིས་ཀྱི་སྤུན་ཟླར་ཕན་པའི་སྲིད་ཇུས་དང་བཅའ་ཁྲིམས་ཀྱི་བྱ་ཐབས་ལག་ལེན་བསྟར་ཏེ་ཐའེ་དབན་གྱི་གཞི་རིམ་དམངས་ཚོགས་ལ་ཕན་པ་ཐོབ་ཚད་མཐོ་རུ་གཏོང་རྒྱུ་ཡིན། ང་ཚོས་ཐའེ་དབན་སྤུན་ཟླ་ཚོར་སྐམ་ས་ཆེ་མོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་ཐུབ་པ་བྱེད་འདོད་ཡོད་ལ་ཐའེ་དབན་གྱི་གཞོན་ནུ་ཚོར་འཇོན་ཐང་ངོམས་ས་དང་ཕུགས་འདུན་འགྲུབ་པའི་གར་སྟེགས་མཁོ་འདོན་བྱས་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་གོང་འཕེལ་ཡོང་བ་བྱས་ཏེ་ཁོ་ཚོ་འཚར་ལོངས་དང་། ཤེས་ལྡན་མི་སྣར་འགྱུར་བ། གྲུབ་འབྲས་ཐོན་པ་བཅས་ཀྱི་ཆེད་གསོན་ཤུགས་གསར་པ་སྣོན་རྒྱུ་དང་བར་སྟོང་རྒྱ་ཆེར་གཏོང་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་མི་རིགས་དར་རྒྱས་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་འབད་འཐབ་དམིགས་ཚད་ཡིན། ཀྲུང་གོའི་ཕུགས་འདུན་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ཕུགས་འདུན་ཞིག་ཡིན་ལ་ངོགས་གཉིས་ཀྱི་སྤུན་ཟླ་ཚུད་པའི་ཀྲུང་ཧྭ་བུ་ཕྲུག་ཚང་མའི་ཕུགས་འདུན་ཞིག་ཀྱང་ཡིན་པ་དང་ང་ཚོ་ཚང་མས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་ཆེན་པོ་བྱེད་པ་དང་འབྲེལ་བ་དམ་ཟབ་ཡོད། ཀྲུང་ཧྭ་མི་རིགས་གོང་འཕེལ་གྱི་ལོ་རྒྱུས་ལམ་བུའི་ཐོག་ངོགས་གཉིས་ཀྱི་སྤུན་ཟླ་ཚོས་སྔར་ནས་བཟུང་ལས་དབང་གཅིག་འབྲེལ་དང་ཁྲེལ་གྲགས་མཉམ་འཁུར་བྱེད་ཀྱི་ཡོད། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ཀུན་སེམས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།