འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།“སྒོ་ཀུན་ནས་བཞིར”མཐུན་སྦྱོར་ངང་སྐུལ་འདེད་གཏོང་ཆེད་སེམས་ཤུགས་གཅིག་ཏུ་སྒྲིལ་དགོས།

    —— སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་གྲོས་ཚོགས་ཐེངས་གསུམ་པ་འགོ་ཚུགས་པར་རྟེན་འབྲེལ་ཞུ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་06ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         དཔྱིད་ཀྱི་གོམ་སྒྲ་གྲགས། མདུན་སྐྱོད་རོལ་དབྱངས་དཀྲོལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་རྣམ་པའི་ཁྲོད་དུ་འགོ་ཚུགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་མི་དམངས་ཀྱི་མངགས་བཅོལ་གལ་ཆེན་སེམས་སུ་བརྟན་པོར་ངེས་ཏེ་པེ་ཅིང་དུ་འཛོམས་ནས་རྒྱལ་ཁབ་ཀྱི་བྱ་བ་ཐུན་མོང་ཐོག་གླེང་བ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་དབང་ཆ་གཟི་བརྗིད་ལྡན་པའི་སྒོ་ནས་སྤྱད་པ་ཞིག་རེད། ང་ཚོས་ཚོགས་ཆེན་སྐོང་ཚོགས་བྱས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན།
         ཕྱིར་ལྟ་བྱེད་སྐབས་དུས་ཚོད་ནི་སྤྱིར་བཏང་ཞིག་མིན་པ་དེ་བས་མངོན་ཞིང་། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་འགོ་བཙུགས་པའི་ལོ་དང་པོར་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཀྱང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཀྱང་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ་སྐབས་འདིའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ་ཁྲིམས་ལྟར་འགན་དབང་སྤྱད་ཡོད་ལ་ཕྱོགས་ཁག་གི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོའང་ཐོབ་ཡོད།
         དཀའ་བ་ཞིག་དང་འཕྲད་གྱུར་ན། གཞི་ནས་བློ་སྤོབས་ཤེས་པ་དང་། ཞུན་བརྡར་ལེགས་པར་བྱས་གྱུར་ན། གཞི་ནས་གཡང་ཊིའི་རང་མདངས་མངོན། ལོ་གཅིག་རིང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་དང་པོའི་བྱེད་སྒོ་སྤེལ་ནས་རྩ་ཁྲིམས་ཀྱི་སྙིང་དོན་དར་སྤེལ་ཤུགས་ཆེན་བཏང་བ་ཡིན་ནའང་འདྲ་ཡང་ན་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་དང་། སྔོན་རྩིས་བཅའ་ཁྲིམས། སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་སོགས་བཅའ་ཁྲིམས་གལ་ཆེན་བཟོ་བཅོས་བརྒྱབ་ནས་ཁྲིམས་འཛུགས་ཀྱི་སྣེ་འདྲེན་དང་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་ཡིན་ནའང་འདྲ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཡོངས་ཁྱབ་འདེམས་བསྐོ་བྱ་རྒྱུའི་གནད་དོན་སོགས་བཅའ་ཁྲིམས་ཀྱི་གནད་དོན་གལ་ཆེན་གཏན་འབེབས་བྱས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱས་པ་ཡིན་ནའང་འདྲ་ཡང་ན་དཔལ་འབྱོར་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། སྔོན་རྩིས་དང་ངེས་རྩིས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དམངས་འཚོ་འགན་ལེན་བྱ་རྒྱུ་དང་ལེགས་སུ་གཏོང་རྒྱུ་སོགས་ཀྱི་གནད་དོན་གལ་ཆེན་དམ་པོར་བཟུང་བ་ཡིན་ནའང་འདྲ་གང་ལྟར་ལྟ་སྐུལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཏན་ཏིག་སོང་ཡོད། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་འདེགས་སྐྱོར་བྱེད་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པའི་ལོ་60ཡི་འཁྲུངས་སྐར་བཏང་མ་ཐག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས“སྒོ་ཀུན་ནས་བཞིར”མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ལ་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཀྱང་གཅིག་ཏུ་བསྒྲིལ་ཡོད།
         “སྒོ་ཀུན་ནས་བཞི”ཡིས་ཀྲུང་གོའི་ཕུགས་འདུན་མགྱོགས་ནས་མྱུར་དུ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་པོ་ཞིག་བསྟན་ཡོད། མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ་ཞེས་པའི་མི་རིགས་བསྐྱར་དར་ལ་སྣེ་འདྲེན་བྱ་རྒྱུའི་འཐབ་ཇུས་བཀོད་སྒྲིག་བྱེད་ཚུལ་དེ་ལས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ནུས་པ་དམིགས་བསལ་ཞིག་ཏུ་གྱུར་པ་དང་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ་ཞིག་ཏུ་གྱུར་ཡོད། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་རྒྱུ་དང་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་ནི་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་བྱེད་ཚུལ་ཁྲོད་ཀྱི་འགག་རྩའི་ལྷུ་ཚིགས་ཡིན་པས་ཐོག་མཐའ་བར་གསུམ་དུ་མི་དམངས་འཐུས་ཚོགས་ཀྱིས་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་དང་། ཆབ་སྲིད་ཤེས་དཔལ་འཕེལ་རྒྱས། ཆབ་སྲིད་སྒྲིག་སྲོལ་སྒྱུར་བཅོས་བཅས་ཐད་མུ་མཐུད་འབད་བརྩོན་བྱེད་དགོས་ཀྱི་ཡོད། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དང་སྒོ་ཀུན་ནས་ཁྲིམས་ལྟར་རྒྱབ་ཁབ་སྐྱོང་རྒྱུ་དེ“བྱ་ཡི་གཤོག་པ་གཉིས”དང་མཚུངས་པས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུའི་ཁྲོད་གཅིག་གྱུར་ཡོང་བ་བྱེད་དགོས། ཁྲིམས་སྐྱོང་འོག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་ཁྲོད་དུ་ཁྲིམས་སྐྱོང་འཐུས་ཚང་དུ་གཏོང་བར་ཐོག་མཐའ་བར་གསུམ་དུ་མི་དམངས་འཐུས་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་། ཁྲིམས་བསྟར་ཁྲིམས་འཛིན་ལྟ་སྐུལ། དམངས་གཙོ་འཕེལ་རྒྱས་སོགས་ཐད་ཡུན་རིང་འབད་བརྩོན་བྱེད་དགོས་ཀྱི་ཡོད། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱས་ཏེ་ཁྲིམས་སྐྱོང་བསམ་པ་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་ནས་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པ་འཛུགས་སྐྲུན་བྱ་རྒྱུར་རྨང་རྩ་བརྟན་འཛུགས་བྱེད་པར་ཐོག་མཐའ་བར་གསུམ་དུ་མི་དམངས་འཐུས་ཚོགས་ཀྱིས་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཀྱི་ཡོད། ཟིལ་རླབས་དགུང་དུ་འཕྱུར་བའི“སྒོ་ཀུན་ནས་བཞི”ཡི་རླབས་ཆེན་ལག་ལེན་དེས་མི་དམངས་འཐུས་ཚོགས་ཀྱིས་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུ་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བྱ་རྒྱུར་སྔར་བྱུང་མྱོང་མེད་པའི་གོ་སྐབས་དང་སྟེགས་བུ་ཞིག་མཁོ་འདོན་བྱས་ཡོད།
         “སྒོ་ཀུན་ནས་བཞིར”མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ་མི་དམངས་འཐུས་ཚོགས་ཀྱི་འགན་སྒྲུབ་ནུས་པ་མྱུར་དུ་ཆེ་རུ་གཏོང་རྒྱུའི་དུས་སུ་བབས་ཡོད། ཁྲིམས་འཛུགས་ལས་དོན་སྔོན་དུ་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས་རྩ་ཁྲིམས་གཙོ་བོར་བྱས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། སྒྱུར་བཅོས་གལ་ཆེན་ལ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་དང་ཁྲིམས་འཛུགས་ཀྱིས་སྒྱུར་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་རང་འགུལ་ངང་འཚམ་པར་བྱེད་ཐུབ་པ་བྱས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྔོན་འགྲོའི་ཆ་རྐྱེན་མཁོ་འདོན་བྱེད་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ཕྲག་ཏུ་ཁུར་ཏེ་ཁྲིམས་ལུགས་ལག་བསྟར་བྱ་ཚུལ་དང“སྲིད་གཞུང་གཅིག་དང་ཁང་གཉིས”ཀྱི་ལས་དོན་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་དང་། ཁྲིམས་ལུགས་ཀྱི་ཟིལ་ཤུགས། ཁྲིམས་ལུགས་ཀྱི་དབང་གྲགས་བཅས་ལ་སྲུང་སྐྱོང་བྱ་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཧ་ཅང་ཆེ་བ་ཞིག་རེད། འཐུས་མིའི་ལས་དོན་གཏིང་ཟབ་ཏུ་དང་རྒྱ་ཆེ་རུ་གཏོང་རྒྱུ་དང་། མི་དམངས་མང་ཚོགས་དང་འབྲེལ་བ་ཟབ་ཏུ་གཏོང་རྒྱུ། མི་དམངས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱ་རྒྱུ་བཅས་ནི་དམངས་ཀྱི་འབོད་སྒྲ་ཉན་ཐུབ་པ་བྱ་རྒྱུའི་འགག་རྩ་ཞིག་རེད། མི་དམངས་ཀྱིས་རང་ཐག་རང་གཅོད་བྱ་རྒྱུ་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱེད་པའི་རྩ་བའི་ལམ་ལུགས་ཤིག་བཟོས་ཏེ་མི་དམངས་ཀྱི་སེམས་པ་གཙོ་བོར་བཟུང་ནས་མི་དམངས་ལ་སྒྱུར་བཅོས་ཁྲོད་ནས་ཐོབ་སེམས་སྔར་བས་མང་བ་སྐྱེ་བ་བྱེད་དགོས་པ་དང་ཁྲིམས་སྐྱོང་གི་དཀར་གསལ་སྒྲོན་མེ་མི་དམངས་ཀྱི་སེམས་ནང་གསལ་བ་བྱེད་དགོས། ཆེས་མཐོའི་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱི་ལས་འགན་ནི་ཆེ་ལ་ལམ་ཐག་རིང་བ་དང་བླ་ན་མེད་པ་ཞིག་རེད།
         ལོ་ཆིག་ཁྲི་རིང་དྲགས་པས་ང་ཚོས་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་དགོས། 2015ལོ་ནི་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་ལོ་དང་། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་གཏོང་འགོ་ཚུགས་པའི་ལོ། སྒོ་ཀུན་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་གཞི་ལག་བསྟར་བྱེད་མཇུག་སྒྲིལ་བའི་ལོ་བཅས་ཡིན་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགན་འཁྲི་གཙང་སྒྲུབ་ཀྱིས་བློ་གྲོས་ལྡན་པའི་ཐབས་དང་དངོས་སྒྲུབ་ཀྱི་ཇུས་བཏོན་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོར་བསམ་བློ་ཕྱོགས་གཅིག་ཏུ་གཏོང་རྒྱུ་དང་། བློ་གྲོས་ཕྱོགས་གཅིག་ཏུ་འདོན་རྒྱུ། ཤུགས་ཕྱོགས་གཅིག་ཏུ་རྒྱག་རྒྱུ་བཅས་ཀྱི་སྣེ་ཁྲིད་བྱས་ཚེ“སྒོ་ཀུན་ནས་བཞིར”མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་པའི་བྱ་གཞག་རླབས་ཆེན་མངོན་འགྱུར་ཡོང་བའི་ཐད་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་མཉམ་འདུས་བྱེད་ཐུབ་ངེས་རེད།
         ཚོགས་ཆེན་ཐུགས་གྲ་ལེགས་སྒྲིག་ཡོང་བའི་སྨོན་འདུན་ཞུ།
      

    ཕྱོགས་བསྡུས་གསར་འགྱུར།