འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་རི་འགོག་དམག་འཁྲུག་
    ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོའི་བྱེད་སྒོ་སྤེལ་རྒྱུའི་སྐོར་
    ལ་གསར་འགོད་པའི་དྲི་བར་ལན་སྐྱོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་05ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་2ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོའི་བྱེད་སྒོ་སྤེལ་རྒྱུའི་སྐོར་ལ་གསར་འགོད་པའི་དྲི་བར་ལན་སྐྱོན་སྐབས། འདི་ལོ་ཀྲུང་གོ་ཕྱོགས་ཀྱིས་རྒྱུན་སྲོལ་ལ་གཞིགས་པ་དང་འབྲེལ་རྒྱལ་ཁབ་ཁག་གི་བྱེད་སྟངས་ལྟར་པེ་ཅིང་དུ་དྲན་གསོའི་ཚོགས་ཆེན་དང་། དམག་གཟིགས་མཛད་སྒོ སྣེ་ལེན་ཚོགས་འདུ།རིག་རྩལ་མཚན་ཚོགས་བཅས་ཚུད་པའི་དྲན་གསོའི་བྱེད་སྒོ་གཟབ་རྒྱས་སྤེལ་རྒྱུ་ཡིན་པ་དང་ཀྲུའུ་ཞི་ཞིས་ཅིན་ཕིང་སོགས་ཀྲུང་གོའི་འགོ་ཁྲིད་ཞུགས་རྒྱུ་རེད་ཅེས་གསུངས་པ་རེད།
         འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བ་ཞིག་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་དྲན་གསོའི་བྱེད་སྒོ་གང་དང་གང་སྤེལ་རྒྱུ་ཡིན་ནམ་ཞེས་གསར་འགོད་པས་དྲིས་པ་རེད།
         ཧྭ་ཁྲུན་ཡིང་གིས་འདི་ལོ་ནི་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བ་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའང་རེད། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ནི་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་ཡིན་པའི་ཀྲུང་གོའི་དམག་སའི་དམག་འཁྲུག་ལངས་སྔ་ཤོས་དང་དུས་ཡུན་རིང་ཤོས་རེད། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལས་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཧྥ་ཤི་སི་དང་འཐབ་པའི་གདེང་ཚོད་བརྟན་དུ་སོང་བ་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་ཆགས་རྒྱུར་སྐུལ་མ་ཐེབས་པ་མ་ཟད་ཀྲུང་གོ་མི་དམངས་ཀྱིས་ཀྱང་དེའི་ཐད་མི་རིགས་ཀྱི་བློས་གཏོང་ཆེན་པོ་བྱས་ཡོད་ཅེས་གསུངས་པ་རེད།
         ཧྭ་ཁྲུན་ཡིང་གིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་སྲིད་གཞུང་གིས་ལོ་ལྔ་དང་ལོ་བཅུ་འཁོར་རིམ་བཞིན་འབྲེལ་ཡོད་དྲན་གསོའི་བྱེད་སྒོ་སྤེལ་གྱི་ཡོད།འདི་ལོ་ང་ཚོས་རྒྱུན་སྲོལ་ལ་གཞིགས་པ་དང་འབྲེལ་རྒྱལ་ཁབ་ཁག་གི་བྱེད་སྟངས་ལྟར་པེ་ཅིང་དུ་དྲན་གསོའི་ཚོགས་ཆེན་དང་། དམག་གཟིགས་མཛད་སྒོ།སྣེ་ལེན་ཚོགས་འདུ།རིག་རྩལ་མཚན་ཚོགས་བཅས་ཚུད་པའི་དྲན་གསོའི་མཛད་སྒོ་སྤེལ་རྒྱུ་ཡིན་པ་དང་ཀྲུའུ་ཞི་ཞིས་ཅིན་ཕིང་སོགས་ཀྲུང་གོའི་འགོ་ཁྲིད་ཞུགས་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་འཛམ་གླིང་དམག་ཆེན་གཉིས་པའི་ནང་ཞུགས་མཁན་རྒྱལ་ཁབ་གཙོ་བོ་དང་། ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་གཞན་དག་གི་རྒྱལ་ཁབ་ཀྱི་འགོ་ཁྲིད།མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ། ཀྲུང་གོའི་རི་འགོག་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་འབུལ་མཁན་རྒྱལ་སྤྱིའི་མཛའ་གྲོགས་མི་སྣའམ་ཡང་ན་དེའི་ནང་མི་བཅས་ཞུགས་རྒྱུར་གདན་འདྲེན་ཞུ་རྒྱུ་རེད་ཅེས་གསུངས་པ་རེད།
         ཧྭ་ཁྲུན་ཡིང་གིས་ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དྲན་གསོའི་བྱེད་སྒོ་གཟབ་རྒྱས་སྤེལ་བའི་དམིགས་ཡུལ་ནི་ལོ་རྒྱུས་བློ་ལ་ངེས་པ་དང་། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ། ཞི་བདེར་བརྩི་མཐོང་བྱེད་པ། མ་འོངས་གསར་དུ་གཏོད་པ་བཅས་ཀྱི་ཆེད་དུ་རེད། ང་ཚོས་དྲན་གསོའི་བྱེད་སྒོ་སྤེལ་བ་བརྒྱུད་སེམས་བཟང་ཅན་གྱི་སྐྱེ་བོ་ཚང་མས་ཞི་བདེར་རེ་སྨོན་དང་བརྟན་སྲུང་བྱས་ནས་ལོ་རྒྱུས་ཀྱི་ཡིད་སྐྱོ་བའི་གནས་ཚུལ་བསྐྱར་དུ་མི་ཐོན་པ་བྱས་ཏེ་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་འབྲས་བུ་ཐུན་མོང་ཐོག་སྲུང་སྐྱོང་དང་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།