འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་གིས་ཀྲུང་གོའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་པ།

    —— ཕྱི་རྒྱལ་གྱི་མི་སྣས་ཀྲུང་གོའི་ཚོགས་འདུ་གཉིས་ལ་དོ་ཁུར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་05ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་3ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་དང་ཚེས་5ཉིན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུ་ཡིན་པར་བརྟེན་ཕྱི་རྒྱལ་གྱི་མི་སྣ་ཁག་གཅིག་གིས་འདི་ལོའི་ཚོགས་འདུ་གཉིས་ཀྱི་ཐོག་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་བྱ་ཐབས་ལ་གྲོས་བསྡུར་བྱ་རྒྱུ་ཡིན་པས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་ཐུབ་རྒྱུ་དང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐོན་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད།
         ཨ་ཀེན་ཐིན་གྱི“དོ་དམ་དང་འཚམ་མཐུན”ཇུས་འདྲི་ཀུང་སིའི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་མ་ཏི་ཡ་སི་ཁ་ལུའུ་ཅ་ཏིས་ཀྲུང་གོས་རྒྱུན་མཐུད་དང་དེ་བས་གཞུང་དྲང་གི་ཐོག་ནས་དཔལ་འབྱོར་འཕར་རྒྱུར་གཞོལ་བཞིན་ཡོད།དུས་ཡུན་རིང་པོའི་ཐོག་ནས་བལྟས་ན་ཀྲུང་གོའི་དཔལ་འབྱོར་འཕར་བའི་འཕེལ་ཕྱོགས་དེར་འགྱུར་ལྡོག་བྱུང་མེད།དཔལ་འབྱོར་གྲུབ་ཆར་ལེགས་སྒྲིག་མངོན་འགྱུར་བྱུང་རྗེས།ཀྲུང་གོའི་དཔལ་འབྱོར་འཕར་བའི་མི་མངོན་པའི་སྟོབས་ཤུགས་དེ་བས་ཆེ་རུ་འགྲོ་རྒྱུ་རེད་ཅེས་བཤད།
         དབྱིན་ཇིའི་ཚོགས་པ་48ཀྱི་སྤྲོ་སྐྱིད་པུའི་ཀྲུའུ་ཞི་ལོན་ཏོན་ཕྱིར་གཏོང་ཀུང་སིའི་ཀྲུའུ་ཞི་སི་ཏི་ཧྥན་ཧྥེ་ལིས་དཔལ་འབྱོར“རྒྱུན་རྣམ་གསར་པའི”འོག་ཀྲུང་གོས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུ་དང་།དཔལ་འབྱོར་ལུགས་མཐུན་ངང་འཕར་རྒྱུ།ཁོར་ཡུག་སྲུང་སྐྱོང་།ལུགས་མཐུན་དང་ཀུན་ལ་ཕན་པའི་འཚོ་བའི་ཆུ་ཚད་བཅས་ལ་དེ་བས་མཐོང་ཆེན་བྱ་རྒྱུ་དང་འབྲེལ་ཉམས་ཞན་ཚོགས་སྤྱིར་རོགས་རམ་བྱེད་པའི་བྱེད་ཐབས་སྤྱད་པས“ཀྲུང་གོའི་སྒྱུར་བཅོས་ལ་གྲུབ་འབྲས་ཐོབ་ངེས་རེད”ཅེས་བཤད།
         ཧྥ་ཀྲུང་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡ་ཁེ་དབུན་མིན་ཏེང་གིས་ཀྲུང་གོས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཁྲོད་ཐོན་པའི་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་པ་དང“ཀྲུང་གོའི་དེང་གི་སྒྱུར་བཅོས་དེ་འགྲོ་ལམ་བཟང་པོའི་ཐོག་སྐྱོད་བཞིན་ཡོད།ངས་མུ་མཐུད་ཀྲུང་གོའི་སྒྱུར་བཅོས་ལ་ཡིད་ཆེས་ཆེན་པོ་བྱེད་བཞིན་ཡོད”ཅེས་བཤད།
         པ་ཞི་ལི་ཡ་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ཨའར་རེ་སྨི་ལུའོ་ཕུའུ་ལུའོ་ཁའོ་ཕི་ཨའོ་ཡིས་ད་ཆ་ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་རྒྱས་བྱེད་ཐབས་དེ་ཕྱི་ཕྱོགས་རྣམ་པ་ནས་ནང་མཁོ་དང་ཐོན་ལས་རིམ་སྤོར་སོགས་ཀྱི་ནང་ངོས་འཕེལ་རྒྱས་སུ་སྒྱུར་བཞིན་ཡོད། ཀྲུང་གོར་རྒྱ་ཆེ་བའི་ས་ཆ་དང་མི་འབོར་དུང་ཕྱུར་13ལྷག་ཙམ་ཡོད་པས་ནང་ངོས་ཀྱི་ཁྲོམ་ར་གསར་སྤེལ་བྱེད་པ་དེ་ནི“ཧ་ཅང་ཡང་དག་པའི་གདམ་ག་ཞིག་ཡིན”བྱེད་ཐབས་དེས་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་ཐུབ་པ་མ་ཟད།དམངས་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་ཐུབ་ཅེས་བཤད།
         ཨ་རིའི་ཝ་ཧྲིང་ཐོན་རིག་མཛོད་ཁཱ་ན་ཅི་རྒྱལ་སྤྱིའི་ཞི་བདེ་ཐེབས་རྩ་ཚོགས་པའི་ཚོགས་གཙོ་གཞོན་པ་ཏའོ་ཀེ་ལ་སི་ཕར་གྱིས་ཀྲུང་གོའི་དཔལ་འབྱོར་དེ་ངེས་པར་དུ་མ་འཇོག་ཡར་སྐུལ་རྣམ་པ་ནས་ནང་མཁོའམ་ཡང་ན་ཞབས་ཞུའི་ཡར་སྐུལ་རྣམ་པར་སྒྱུར་དགོས།སྒྱུར་ཐབས་དེ་དཀའ་ཙམ་ཞིག་ཡིན་ཡང་དེས་དཔལ་འབྱོར་འཕར་རྒྱུར་རྒྱུན་མཐུད་ཀྱི་རྣམ་པ་ཞིག་དེ་བས་ལྡན་ཐུབ་ཅེས་བཤད།
         ཨུ་རུ་སུའི་ཚན་རིག་ཁང་རྒྱང་ཤར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཨན་ཏེ་ལེ་ཨའོ་སི་ཐའེ་ལུའོ་ཕུའུ་སི་ཅིས་ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་གནད་དེ་མྱུར་ཚད་ནས་སྤུས་ཚད་ཀྱི་ཕྱོགས་སུ་སྒྱུར་ནས་སྤྱི་ཚོགས་ཀྱི་དམངས་འཚོ་མཐོར་གཏོང་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་སུ་གཏོང་ཐུབ་མིན་དེ་དཔལ་འབྱོར་འཕེལ་རྒྱས་ལ་གདེང་འཇོག་བྱེད་པའི་ཚད་གཞིར་བརྩི་གི་ཡོད།ཀྲུང་གོས་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ཐད་སྲིད་གཞུང་གིས་མ་དངུལ་གཏོང་བ་དང་སྲིད་ཇུས་ཐོག་ནས་རོགས་རམ་བྱས་ཏེ་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་སྨན་བཅོས་འགན་སྲུང་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་སློབ་གསོའི་ཐོན་ཁུངས་བཟང་སྒྲིག་དང་ཆ་སྙོམས་བགོ་བཤའི་ཆུ་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད་ཅེས་བཤད།
         ཀྲུང་གོའི་དཔལ་འབྱོར་ལ་ཆེད་དོན་ཞིབ་འཇུག་བྱེད་མཁན་ཤིས་ཉིའི་སློབ་ཆེན་ཚོང་ལས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧན་སི་ཧང་ཏ་ལི་ཤིས་ཁེས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དེས་ཀྲུང་གོའི་ཚོང་དོན་རོགས་ཟླར་ཕན་པ་ཐོབ་ཡོད་པ་དང་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཐོན་རྫས་ཀྱིས་རྒྱལ་ཁབ་མང་པོ་ཞིག་གི་མིའི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་རོགས་རམ་ཐུབ་ཡོད།གོམ་སྟབས་རྗེས་མར་ཀྲུང་གོས་གོ་ལ་ཧྲིལ་པོའི་ཞབས་ཞུའི་ལས་རིགས་དཔེར་ན་དངུལ་རྩ་དང་། IT ཚོང་ལས་ཞབས་ཞུ། རོལ་རྩེད་ལས་རིགས་སོགས་ལ་ལེགས་སྐྱེས་འབུལ་ཐུབ་ཅེས་བཤད།
         ཧིན་རྡུ་ཉི་ཞི་ཡའི་ཆབ་སྲིད་དབྱེ་ཞིབ་མི་སྣ་ལི་ཀྲོ་ཧུའེ་ཡིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཏོན་གནང་བའི“ཁུལ་གཅིག་དང་ལམ་གཅིག”གི་འཐབ་ཇུས་དེས་ཀྲུང་གོའི་ཁེ་ལས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ཕྱོགས་སུ་བསྐྱོད་ནས་རང་ངོས་འཕེལ་རྒྱས་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་པ་དང“ཁུལ་གཅིག་དང་ལམ་གཅིག”གི་འཐབ་ཇུས་ནི་ཞི་བདེ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་ཤིག་ཡིན་པ་དང་ཀྲུང་གོས“ཁུལ་གཅིག་དང་ལམ་གཅིག”གི་ཐོག་ནས་རྒྱལ་ཁབ་ཁག་ལ་གཉིས་ཁེ་གཉིས་ཕན་དང་ཐུན་མོང་དར་རྒྱས་ཀྱི་ཕན་པ་ཐོབ་པ་བྱས་ཡོད་ཅེས་བཤད།
         ཝེ་ནེ་ཙུའེ་ལའི་ཆབ་སྲིད་དབྱེ་ཞིབ་པ་ཨའར་ཝུའེ་ཐུའོ་ཨ་ལན་ཀེ་པེའར་གྱིས་ཀྲུང་གོས་ཕྱི་ཕྱོགས་ལ་མ་འཇོག་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཤུགས་ཆེ་རུ་བཏང་ནས་འཛམ་གླིང་གི་དཔལ་འབྱོར་དང་མཉམ་འགུལ་ཐུབ་རྒྱུར་ཤུགས་སྣོན་རྒྱག་བཞིན་ཡོད།ལ་ཏིང་མེ་གླིང་ཁུལ་དུ་ཀྲུང་གོས་ཐད་ཀར་མ་འཇོག་བྱེད་པ་དང་ལྷན་སྦྱར་གྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་དེ་དག་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད་པ་མ་ཟད།ལ་ཏིང་མེ་གླིང་གི་རྒྱལ་ཁབ་མང་ཆེ་བའི་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་ཕན་པ་ཡང་ཐོན་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།