འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མི་རིགས་བསྐྱར་དར་ལ་ཁྲིད་སྟོན་བྱེད་པའི་འཐབ་ཇུས་བཀོད་སྒྲིག

    ——“སྒོ་ཀུན་ནས་བཞིར”མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གླེང་ཐེངས་དང་པོ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་02ཉིན། 12:30】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
        མི་དམངས་དྲ་བའི་འཕྲིན། འགན་འཁྲི་གང་ཞིག་ཡིན་རུང་མི་རིགས་ཞིག་བསྐྱར་དར་གྱི་ཕྱོགས་སུ་ཁྲིད་སྟོན་བྱེད་པ་དེ་ལས་གཟི་བརྗིད་ཆེ་བ་མེད། བྱ་གཞག་གང་ཞིག་ཡིན་རུང་མི་དམངས་དུང་ཕྱུར་བཅུ་ལྷག་ཙམ་མཐུན་སྒྲིལ་གྱིས་ཐུན་མོང་ཐོག་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པ་ལས་བླ་ན་མེད་པ་མེད།
         དེ་ནི་འགོ་འཛུགས་ས་གསར་རྐྱང་ཞིག་རེད། 2012ལོའི་ཟླ་བཅུ་གཅིག་པར་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་རྒྱུག་མཐུད་དབྱུག་པ་བཞེས་ནས་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་ཏང་དང་མི་དམངས་ཀྱིས་མུ་མཐུད་འབད་འཐབ་བྱས་པའི་རྨང་གཞིའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་མུ་མཐུད་ཇུས་འགོད་གནང་བ་དང་བླ་ན་མེད་པའི་གཟི་བརྗིད་མུ་མཐུད་གཏོད་བཞིན་ཡོད། རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་<<བསྐྱར་དར་ལམ་བུ་>>ཞེས་པའི་འགྲེམས་སྟོན་ནང་ལོ་ངོ་སྟོང་གི་ཀྲུང་གོའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་པ་དང་ཀྲུང་གོའི་ཕུགས་འདུན་དོན་གཉེར་གླེང་། ཧྲེན་ཀྲེན་པདྨ་རི་བོའི་ཏེང་ཞའོ་ཕིང་གི་ཟངས་སྐུའི་མདུན་དུ་འདུན་པ་ཆེན་པོ་སླར་ཡང་བཏོན་ནས་སྒྱུར་བཅོས་ཀྱི་ཚ་རླབས་འཕྱུར། “གྱ་གཉིས་ལོའི་རྩ་ཁྲིམས”འགྲེམས་སྤེལ་ལག་བསྟར་ལ་དྲན་གསོ་ཞུས་ནས་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་སྲིད་སྐྱོང་རྒྱུ་བསྐྱར་སྒྲོག་བྱས་ཏེ་ཁྲིམས་སྐྱོང་གི་འདུ་ཤེས་བཏོད། གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་པ་བརྒྱུད་གོང་གིས་འོག་སྣེ་ཁྲིད་པ་དང་ཁ་བཤད་ལག་བསྟར་བྱས་ནས་སྲོག་རྩ་བརྟན་སྲུང་བྱས། འགན་འཁྲི་གསར་པ་འཁུར་མ་ཐག་པའི་ཟླ་བ་ཐོག་མར་མདུན་སྐྱོད་ཀྱི་ལམ་བུ་གཏན་འཁེལ་བྱས།
         ལོ་གཉིས་ལྷག་ཙམ་རིང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག“འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པ”ནན་བཤད་བྱས་པ་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག“སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་རྒྱུ”བཀོད་སྒྲིག་བྱས་པའི་བར་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི”བླང་བྱ་བཏོན་པ་དང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག“སྒོ་ཀུན་ནས་ཏང་ནན་པོ་སྐྱོང་རྒྱུ”ཡོངས་བསྒྲགས་བྱས་པའི་བར“སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་གསལ་པོར་མཚོན་ཡོད། ལོ་རྒྱུས་ནི་ག་དུས་ཡིན་ནའང་འཕེལ་རིམ་ཁྲོད་ནས་གནད་དོན་ལ་གདོང་བསུ་བའི་ཁྲོད་དེའི་བརྗིད་རླབས་ཉམས་དང་ལྡན་པའི་འཆར་འགོད་མཚོན་གྱི་ཡོད། དཔལ་འབྱོར་གྱི་སྤྱི་འབོར་མདུན་གྲལ་དུ་སླེབས་ཀྱང་མིའི་ཆ་སྙོམས་ཡོང་འབབ་རྗེས་སུ་ལུས་པ་དང་། སྔོན་དུ་ཕྱུག་འགྱུར་བྱས་རྗེས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱེད་པའི་འགྲན་སློང་ལ་ཁ་གཏད་གཅོག་པ། ཐོན་ཁུངས་ཁོར་ཡུག་གི་ཚོད་འཛིན་འོག་གནོན་ཤུགས་ལ་འགྱུར་ལྡོག་གཏོང་དགོས་པ། གསར་གཏོད་ཀྱི་ནུས་པ་དང་འཕེལ་རྒྱས་ཀྱི་དགོས་མཁོ་གཉིས་ཁ་བྲལ་བ། རྒྱལ་ཁབ་ཕྱི་ནང་གི་བདེ་འཇགས་ཐད་ཀྱི་ཉམས་ཉེན་མང་པོ་ཐོན་པ། དེང་རབས་ཅན་བཅོས་སྐྱོང་གི་དམིགས་ཚད་སྒྲུབ་པར་ལས་འགན་ལྕི་ཞིང་ལམ་ཐག་རིང་བ་སོགས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནད་དོན་གྱི་ཕྱོགས་སྟོན་དང་ཚན་རིག་དང་མཐུན་པའི་བསམ་གཞིག་མཐའ་འཁྱོངས་ཀྱིས་དེང་རབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིའི་ཁྱོན་ཡོངས་ཀྱི་མཐོང་རྒྱ་དང་འཐབ་ཇུས་ཀྱི་མིག་རྒྱང་ཐོག་ནས་ཀྲུང་གོའི་གདེང་ཚོད་བརྟན་དུ་གཏོང་བ་དང་། ཀྲུང་གོའི་དོན་དངོས་ལ་གཞི་ཚུགས་པ། ཀྲུང་གོའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ། ཀྲུང་གོའི་དཀའ་གནད་ལ་དམིགས་པ་བཅས་གནང་ནས“སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་གནང་ཡོད། “སྒོ་ཀུན་ནས་བཞི”ནི་རང་རྒྱལ་འདི་ཉིད་འཕེལ་རྒྱས་གཏོང་བའི་དགོས་མཁོ་དངོས་དང་བསྟུན་ནས་བཏོན་གནང་བ་དང་། མི་དམངས་མང་ཚོགས་ཀྱི་རེ་སྒུག་ཆེན་པོ་དང་བསྟུན་ནས་བཏོན་གནང་བ། ང་ཚོར་འཕྲད་པའི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་བསྟུན་ནས་བཏོན་གནང་བ་བཅས་ཡིན་པ་དང་། རྒྱལ་སྐྱོང་སྲིད་སྐྱོང་གི་ཁྱོན་ཡོངས་ལ་གཞི་ཚུགས་པ་དང་། སྒྱུར་འཕེལ་བརྟན་གསུམ་བཅས་ཀྱི་འགག་རྩ་དེར་དམ་འཛིན་བྱེད་པ། ཀྲུང་གོ་འཕེལ་རྒྱས་གཏོང་བའི་སྤྱིའི་རྩ་དོན་ལ་སྤྱི་འདོམས་བཅས་གནང་ནས་དུས་བབ་གསར་པའི་འོག་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་གི་འཐབ་ཇུས་ཁ་ཕྱོགས་དང་། གནད་ཆེའི་ཁྱབ་ཁོངས། གཙོ་རྒོལ་དམིགས་ཚད་བཅས་གཏན་འཁེལ་གནང་ཡོད།
         འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པ་དེ“ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་འགག་རྩའི་གོམ་སྟབས”ལ་ཐེངས་དང་པོར་གཏན་འཁེལ་བྱས་པ་དང་། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་དེ“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུར”ཐེངས་དང་པོར་གཏན་འཁེལ་བྱས་པ། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པ་དེ་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བའི“ཆ་སྦྲེལ་རྩོམ་ཡིག”ཏུ་ཐེངས་དང་པོར་རྒྱས་བཤད་བྱས་ནས“བྱ་ཡི་གཤོག་ཟུང་དང་འཁོར་གྱི་འཁོར་གཉིས”ཆགས་པ། སྒོ་ཀུན་ནས་ཏང་ནན་པོ་སྐྱོང་བར་ཐེངས་དང་པོ་ལམ་བུ་གཏན་འཁེལ་བྱས་ནས“ཏང་ནན་པོ་སྐྱོང་བའི་བརྒྱུད་རིམ་རང་བཞིན་དང་། སྔོན་དཔག་རང་བཞིན། གསར་གཏོད་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་བཏང་ནས”ང་ཚོའི་བྱ་གཞག་ལ་སྔར་བས་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་སྦྱོང་བརྡར་བྱེད་དགོས་པའི་བླང་བྱ་བཏོན་པ་བཅས་རེད། “སྒོ་ཀུན་ནས”ཚང་མ་ནི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། སྔ་འཛིན་ཕྱི་གཏོད། གསར་གཏོད་བྱེད་ཕོད་པ། རང་རེའི་ཁྱད་ཆོས་ལྡན་པ་བཅས་ཀྱི་བརྒྱུད་རིམ་ལྡན་པའི་དགོངས་པ་ཆ་ཚང་ཞིག་ཡིན་པ་དེར་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་འོད་སྟོང་འཕྲོ་བཞིན་ཡོད། “སྒོ་ཀུན་ནས་བཞི”གཅིག་རམ་གཅིག་འདེགས་དང་། ཕན་ཚུན་སྐུལ་གཏོང་། ཕན་ཚུན་སྤེལ་རེས་བཅས་བྱས་པས་རང་རེའི་ཏང་གིས་རྒྱལ་སྐྱོང་སྲིད་སྐྱོང་བྱེད་པའི་འཐབ་ཇུས་དེ་དུས་བསྟུན་འཕེལ་རྒྱས་གཏོང་བའི་གསར་གཏོད་གསར་པ་དང་མར་ཁེ་སི་རིང་ལུགས་དེ་ཀྲུང་གོའི་ལག་ལེན་དང་ཟུང་འབྲེལ་བྱེད་པའི་མཆོང་སྐྱོད་གསར་པ་ཞིག་རེད།
         མར་ཁེ་སིས“རྒྱལ་ཁབ་ཅིག་ཏུ་རིགས་པའི་གཞུང་ལུགས་མངོན་འགྱུར་བྱེད་ཚད་ནི་རིགས་པའི་གཞུང་ལུགས་དེས་རྒྱལ་ཁབ་དེའི་དགོས་མཁོ་སྐོང་ཚད་ལ་རག་ལས་ཡོད”ཅེས་གསུངས་མྱོང་ཡོད། “སྒོ་ཀུན་ནས་བཞིའི”འཐབ་ཇུས་བསམ་བློ་དང་འཐབ་ཇུས་བཀོད་སྒྲིག་དེ་ཀྲུང་གོ“འཕེལ་རྒྱས་ཕྱིན་རྗེས”འཕེལ་རྒྱས་དང་བཅོས་སྐྱོང་གི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། གཞོགས་འདེགས་རང་བཞིན་བཅས་ལ་སྔར་བས་སྣང་ཆེན་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད། ལོ་གཉིས་ལྷག་ཙམ་རིང་སྒྱུར་འཕེལ་བརྟན་གསུམ་ལ་སྤྱི་འདོམས་བྱས་ཏེ་བྱ་ཐབས་ཁག་སྔར་བས་ལག་ལེན་ཤུགས་ཆེན་བསྟར་བས་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་པར་སླེབས་པ་དང་། ཁྲིམས་ལྟར་རྒྱལ་སྐྱོང་དང་། ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་བཅས་ལ་སྐུལ་འདེད་བཏང་བས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་གི་འགོ་ཡག་པོ་ཞིག་འཛུགས་པ་དང་དྲང་གཞག་དང་དྲང་བདེན་ནི་སྒོ་ཀུན་ནས་འབྱོར་འབྲིང་ཡོང་བ་བྱེད་པའི་དམིགས་ས་གལ་ཆེན་ཞིག་ཏུ་གྱུར་བ། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་ལ་སྐུལ་འདེད་བཏང་ནས་རུལ་རྒོལ་གཙང་སྤེལ་གྱིས་དཔུང་ཁག་དྭངས་གཙང་ཡོང་བ་བྱེད་པ་དང་སྲོལ་བཟང་དར་སྤེལ་དང་སྒྲིག་ལམ་ནན་བཟོ་བྱས་ནས་མི་སེམས་གཅིག་ཏུ་སྒྲིལ་བ། ནང་སྲིད་ཕྱི་འབྲེལ་དང་རྒྱལ་སྲུང་འཆར་འགོད་བྱས་ནས་ཀྲུང་གོའི་ཕུགས་འདུན་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཕུགས་འདུན་དང་འཛམ་གླིང་གི་ཕུགས་འདུན་དང་གཅིག་མཚུངས་སྐད་གྲགས་ལྡན་པར་གྱུར་ཡོད། དུས་ཐུང་ལོ་གཉིས་ལྷག་ཙམ་རིང་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱེད་པ་དང་མཐུན་སྦྱོར་ངང་སྐུལ་འདེད་བཏང་བས་རྣམ་པ་དེ་ལས་འགྱུར་ལྡོག་ཕྱིན་པ་དང་། རྣམ་པ་དེ་ལས་གསར་རྐྱང་དུ་འགྱུར་པ། དམངས་སེམས་དེ་ལས་རབ་ཏུ་འཕེལ་བ། དོན་དངོས་ལས“སྒོ་ཀུན་ནས་བཞི”ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་དང་། རིགས་པའི་གཞུང་ལུགས། ལམ་ལུགས་བཅས་མཐའ་འཁྱོངས་བྱེད་པ་དང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གཞི་འཛིན་ས་ཞིག་ཡིན་པ་ར་འཕྲོད་གང་ལེགས་བྱས་ཡོད།
         “སྤྱིའི་འཆར་འགོད་ལ་སྣང་ཆེན་བྱེད་དགོས་ལ། འགག་རྩར་དམ་འཛིན་བྱ་རྒྱུར་ཡང་སྣང་ཆེན་བྱེད་དགོས”2015ལོའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དང་པོའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་གཞི་རྩའི་རིག་པ་དང་བརྟག་ཐབས་སྨྲ་བར་རྒྱས་བཤད་གནང་བ་དེ“སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་གི་མཚན་ཉིད་རིག་པའི་རྨང་གཞི་གསལ་སྟོན་གནང་བ་ཞིག་ཀྱང་རེད། “སྒོ་ཀུན་ནས་བཞིར”དམིགས་ཚད་ཡོད་ལ་བྱ་ཐབས་ཀྱང་ཡོད་པ་དང་། ཁྱོན་ཡོངས་ཡོད་ལ་གཙོ་གནད་ཀྱང་ཡོད་པ་དང་། “སྒོ་ཀུན་ནས”ཚང་མར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། འཕེལ་རྒྱས་ནི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་གི་དོན་གཉེར་དང་། སྒྱུར་བཅོས་ནི་སྤྱི་ཚོགས་ཡར་ཐོན་གྱི་སྒུལ་ཤུགས་དང་དུས་རབས་ཀྱི་རླབས་རྒྱུན། ཁྲིམས་སྐྱོང་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འགན་ལེན་གལ་ཆེན། ཏང་ནན་པོ་སྐྱོང་བ་ནི་སྲིད་འཛིན་ཏང་གིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལྡོག་མེད་ཀྱི་བླང་བྱ་བཅས་རེད། དེ་དག་སྟབས་བདེའི་འདྲ་གཤིབ་ཀྱི་འབྲེལ་བ་མིན་པར་ཟུང་འབྲེལ་དམ་ཟབ་དང་ཕན་ཚུན་སྦྲེལ་མཐུད་བྱེད་པའི་མཐོ་རིམ་ཇུས་འགོད་ཅིག་རེད། འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་། སྒྱུར་བཅོས་ཀྱི་སྙིང་སྟོབས་འཕེལ་བ་བྱེད་པ། ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ། ཏང་ནན་པོ་སྐྱོང་རྒྱུ་དོན་འཁྱོལ་བྱེད་པ་བཅས“སྒོ་ཀུན་ནས་བཞིའི”གཙོ་རྐང་དེ་ལས་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོའི་འབྱུང་འགྱུར་འཆར་འགོད་བྱས་ཡོད།
         དུས་ཡུན་རིང་པོའི་ནང་ལོ་རྒྱུས་དཔྱིས་ཕྱིན་པ་ཁོང་དུ་ཆུད་ཚེ། གཞི་ནས་དུས་རབས་ཀྱི་འགྱུར་ལྡོག་དེ་བས་གསལ་བའི་ངང་ཤེས་ཐུབ་ལ། མདུན་སྐྱོད་ཀྱི་ཁ་ཕྱོགས་དེ་བས་གནད་ལ་འཁེལ་བའི་ངང་སྟངས་འཛིན་བྱེད་ཐུབ། ལོ་ངོ་90ལྷག་ཙམ་རིང་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ལ་འགོ་ཁྲིད་བྱས་ནས་དེང་རབས་ཀྲུང་གོར་འཕེལ་རྒྱས་ཡར་ཐོན་གྱི་རྨང་གཞི་བརྟན་པོ་བཏིང་བ་ནས་དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་པའི་སྒྱུར་བཅོས་སྒོ་དབྱེའི་འགག་རྩའི་བྱ་ཐབས་དེ་གཏན་འཁེལ་བྱས་པའི་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་བཏོད་པ་དང་གུང་ཁྲན་ཏང་མི་མི་རབས་འགའ་ཤིག་གིས་རྒྱུན་མཐུད་འཚོལ་ཞིབ་བྱས་པའི་བརྒྱུད་རིམ་ནི་དེ་ལྟར་དཀའ་ཚེགས་ཆེ་ལ་བརྗིད་རླབས་ཆེ་བ་ཞིག་ཡོད། “སྒོ་ཀུན་ནས་བཞིའི”འགག་རྩ་དེ་ཀྲུང་གོའི་འགྲོ་ལམ་མཐའ་འཁྱོངས་དང་ཀྲུང་གོའི་ལེགས་ཆ་གསར་གཏོད་དང་ཁ་སྣོན་བྱ་རྒྱུར་ཐུག་ཡོད། འཐབ་ཇུས་ཀྱི་བཀོད་སྒྲིག་དེ་མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་དང་གཅིག་གྱུར་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་དང་གཅིག་གྱུར། ཏང་འཛུགས་སྐྱོང་གི་རླབས་ཆེའི་འདུ་འགོད་གསར་པ་དང་གཅིག་གྱུར། ང་ཚོས་སྤེལ་བཞིན་པའི་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེའི་འཐབ་རྩོད་དང་གཅིག་གྱུར་བཅས་ཡིན། དེས་ཀྲུང་གོའི་ཁྱད་ཆོས་དང་འཛམ་གླིང་གི་འཕེལ་ཕྱོགས་ལ་ལྟ་རྟོག་བྱེད་པ་དང་ཀྲུང་གོ་དང་འཛམ་གླིང་ཕན་འགུལ་གཏིང་ཟབ་བྱེད་ལུགས་མཚོན་པ་དང་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ཤེས་རྟོགས་བྱེད་ཟབ་ཏུ་ཕྱིན་པ་དང་ཀྲུང་གོ་དང་ཀྲུང་གོ་མི་དམངས་ཀྱིས་གོམ་ཞེང་ཆེན་པོས་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་འགག་རྩའི་གདམ་ག་ཞིག་ཡིན།
         ལོ་རྒྱུས་དང་འབྱུང་འགྱུར་གྱི་བསྣོལ་མཚམས་སུ་ལངས་སྐབས། དེ་བས་རླབས་ཆེའི་རྒྱང་སྐྱོད་ཀྱི་ལམ་བུ་ང་ཚོའི་མདུན་དུ་མངོན་ཡོད། འབྱོར་འབྲིང་གི་བྱ་གཞག་དོན་གཉེར་དང་། སྒྱུར་བཅོས་ཀྱི་གྲུ་གཡོར་འགེལ་བ། ཁྲིམས་སྐྱོང་གི་ལམ་བུའི་ཐོག་བསྐྱོད་པ། སྲིད་འཛིན་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་ནི་དཀའ་ཚེགས་ཆེ་བའི་འབད་འཐབ་ཀྱི་བརྒྱུད་རིམ་ཞིག་ཡིན་ལ་སྤོབས་ཉམས་ལྡན་པའི་དཔུང་སྐྱོད་ཅིག་ཀྱང་ཡིན། བསྐྱར་དར་གྱི་ལམ་བུའི་ཐོག་སྐྱོད་སྐབས་ཀྲུང་གོའི་སྔོན་ཆད་ཀྱག་ཀྱོག་དང་དཀའ་ཚེགས་ཆེ་བ་དང་། ད་ཆའི་ཀྲུང་གོ་འགྱུར་ལྡོག་འགྲོ་བཞིན་ཡོད་པ། ཀྲུང་གོའི་འབྱུང་འགྱུར་ལ་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ལྡན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།