འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའོ་ཧྲེང་ཁུན་གྱིས་མང་ཚོགས་རྣམས་དཔྱིད་གསར་དུས་ཆེན་དགའ་གཏོང་ཐུབ་ཕྱིར་
    ཞི་མཐུན་དང་བརྟན་ལྷིང་གི་ཁོར་ཡུག་ཅིག་གཏོད་དགོས་པའི་ནན་བཤད་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་16ཉིན། 08:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་12ཉིན་རྒྱལ་དོན་ཨུ་ཡོན་སྤྱི་བདེ་པུའི་པུའུ་ཀྲང་ཀུའོ་ཧྲེང་ཁུན་གྱིས་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་དང་ཚོགས་འདུ་གཉིས་ཀྱི་བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐུལ་སློང་དང་བཀོད་སྒྲིག་ཚོགས་འདུའི་ཐོག་རིམ་ཁག་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པས་ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཐོག་ནས་བསྟུད་མར་དམག་འཐབ་བྱེད་པ་དང་དཀའ་སྡུག་ལ་མི་འཛེམས་པའི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་དཔྱིད་གསར་དུས་ཆེན་དང་ཚོགས་འདུ་གཉིས་རིང་གི་བདེ་འཇགས་འགན་ལེན་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་མི་དམངས་མང་ཚོགས་རྣམས་དཔྱིད་གསར་དུས་ཆེན་དགའ་གཏོང་ཐུབ་པ་དང་ཚོགས་འདུ་གཉིས་བདེ་འཇགས་དང་བདེ་བླག་ངང་འཚོག་ཕྱིར་ཞི་མཐུན་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས་ཞེས་ནན་བཤད་བྱས་པ་རེད།
         ཀུའོ་ཧྲེང་ཁུན་གྱིས་ལམ་བུའི་འགྲིམ་འགྲུལ་དང་། སྤྱི་པའི་འགྲིམ་འགྲུལ། ས་འོག་ལྕགས་ལམ། མེ་ཟོན། བྱེད་སྒོ་ཆེ་གྲས། མི་སྣ་འདུ་འཛོམས་ཁུལ་སོགས་གཙོ་གནད་ལ་དམིགས་པ་དང་ལོ་གསར་གནམ་གང་གི་ནུབ་མོ་དང་། དང་པོའི་བཅོ་ལྔའི་དུས་ཆེན། ཕ་ཡུལ་དུ་ཕྱིར་ལོག་བྱེད་མཁན་མང་བ་སོགས་གནད་ཆེའི་དུས་ཚོད་དང་གནོད་འཚེ་ཐོན་པ་དང་གནམ་གཤིས་ངན་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་ཉམས་ཉེན་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་བདེ་འཇགས་ཐད་ལྟ་སྐུལ་དོ་དམ་བྱེད་པའི་བྱ་ཐབས་གཟབ་ནན་དུ་བཏང་ནས་ཁུག་མི་ལུས་པ་དང་གསང་མི་ལུས་པ་བྱེད་པ་དང་གནད་དོན་དང་མངོན་མེད་རྐྱེན་ངན་གང་ཞིག་ཡིན་རུང་སྣང་ཆུང་མི་བྱེད་པའི་འགན་ལེན་བྱེད་དགོས། སྤྱི་ཚོགས་ཁྱོན་ཡོངས་ལ་སྐོར་ཞིབ་དང་སྔོན་འགོག་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་སྟོབས་ཤུགས་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། འཇིགས་གཏུམ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བའི་ཆེད་དོན་བྱ་སྤྱོད་དང་མེ་མདའ་དང་འབར་གས་སླ་བའི་དངོས་པོ་གཙང་བཤེར་བྱ་སྤྱོད་གཏིང་ཟབ་སྤེལ་བ་བཅས་བྱས་ནས་བདེ་འཇགས་ཀྱི་སྒྲིག་ལམ་ཡག་པོ་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་སྲིང་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པས་འགན་འཁུར་ཕོད་པ་དང་། འགན་འཁྲི་ཤུགས་ཆེར་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བཅས་བྱས་ཏེ་བདེ་འཇགས་འགན་ལེན་གྱི་ལས་ཀའི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་དངོས་ཕན་ཐོབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།