འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སུན་ཁྲུན་ལན་གྱིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་15ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་12ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་གྱིས་པེ་ཅིང་དུ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ་རེད།
         སུན་ཁྲུན་ལན་གྱིས་པཎ་ཆེན་མཆོག་ལ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས་པར་པཎ་ཆེན་རིན་པོ་ཆེས་སུན་ཁྲུན་ལན་ལ་མཇལ་དར་ཕུལ་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་ངེས་པར་དུ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་ཁར་དད་ལྡན་མང་ཚོགས་ལ་ཞབས་ཞུ་བསྒྲུབས་ཏེ་ཏང་དང་རྒྱལ་ཁབ་དང་དེ་བཞིན་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་བཅངས་པའི་རེ་བ་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན་ཞེས་གསུངས་པ་རེད།
         སུན་ཁྲུན་ལན་གྱིས་པཎ་ཆེན་རིན་པོ་ཆེའི་གང་ས་ཅི་ཐད་ལ་ཡར་རྒྱས་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མི་གསོ་སྐྱོང་གི་ལས་དོན་དང་པཎ་ཆེན་རིན་པོ་ཆེའི་འཚར་ལོངས་དང་ཡར་རྒྱས་ཐད་ཐུགས་ཁུར་ཆེན་པོ་གནང་ནས་རེ་བ་དང་བླང་བྱ་གསར་པ་བཏོན་ཡོད། ཉེ་བའི་ལོ་ཤས་རིང་པཎ་ཆེན་རིན་པོ་ཆེས་དཀའ་སྤྱད་འབད་བརྩོན་གནང་བ་བརྒྱུད་ཆབ་སྲིད་ཐད་སྔར་བས་གོ་རྟོགས་འཕེལ་བ་དང་། ནང་བསྟན་གྱི་སློབ་གཉེར་བྱང་ཆུབ་པ། རིག་གནས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ་ལས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཆེ་ཁག་གི་ཉམས་འགྱུར་བཟང་པོ་མངོན་ཏེ་དད་ལྡན་མང་ཚོགས་ཁྲོད་ཤུགས་རྐྱེན་དང་སྙན་གྲགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་ཅེས་གསུངས་པ་རེད།
         སུན་ཁྲུན་ལན་གྱིས་འདི་ལོ་ནི་པཎ་ཆེན་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་གནང་ནས་ལོ་20འཁོར་བས་པཎ་ཆེན་རིན་པོ་ཆེའི་འཚར་ལོངས་དང་ཡར་རྒྱས་ཡོང་བའི་དུས་སྐབས་གསར་པར་སླེབས་པས་པཎ་ཆེན་རིན་པོ་ཆེས་མུ་མཐུད་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པའི་ཁར་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། མེས་རྒྱལ་གྱི་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས་པ་དང་། ཐོས་བསམ་ཉམས་ལེན་ལྷོད་མེད་གནང་དགོས་པ་སྟེ། ཆོས་གཞུང་གི་བསྟན་དོན་ལ་དཀའ་བ་ཆེན་པོས་སློབ་གཉེར་གནང་དགོས་ལ། དེང་རབས་ཀྱི་ཚན་རིག་རིག་གནས་ཤེས་བྱ་ཁོང་དུ་ཆུད་པ་གནང་སྟེ། མཁྱེན་རྒྱ་ཟབ་པའི་བླ་སྤྲུལ་ཆེན་པོ་ཞིག་ཏུ་འགྱུར་བ་གནང་དགོས་པ། ནུས་པ་འདོན་སྤེལ་གང་ལེགས་གནང་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་གནང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་ནུས་པ་ཆེན་པོ་འདོན་དགོས་པའི་ཐུགས་རེ་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།