འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སུན་ཁྲུན་ལན་གྱིས་པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པར་
    འཚམས་འདྲི་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་13ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་11ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་གྱིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་། ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས། ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས། ཀྲུང་གོ་གནམ་བདག་ཆོས་ལུགས་རྒྱལ་གཅེས་མཐུན་ཚོགས། ཆོས་དཔོན་གཙོ་བོའི་ཚོགས་པ་སོགས་པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པར་འཚམས་འདྲི་གནང་ནས་ཆོས་ལུགས་ཚོགས་པ་ཁག་གི་གཞུང་དོན་སྒྲུབ་ཡུལ་ལ་གཟིགས་ཞིབ་དང་ཁོང་ཚོའི་འཚོ་བའི་གནས་ཚུལ་དང་དཀའ་ངལ་མཁྱེན་རྟོགས་གནང་བ་མ་ཟད། རྒྱལ་ཡོངས་ཆོས་ལུགས་ལས་རིགས་མི་སྣར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།
          སུན་ཁྲུན་ལན་གྱིས་ད་ཕན་ལོ་ཤས་རིང་ཆོས་ལུགས་ཚོགས་པ་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཆོས་ལུགས་ཚོགས་པ་ཁག་ཏང་དང་སྲིད་གཞུང་གིས་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་བྱེད་པའི་འབྲེལ་ཟམ་དང་སྦྲེལ་ཐག་ལྟ་བུ་ཞིག་ཡིན་པའི་ངོས་ནས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་ཁྲིད་སྟོན་བྱེད་པ། སྤྱི་ཕན་དགེ་སྒྲུབ་བྱ་གཞག་གཉེར་བ། ཕྱི་ཕྱོགས་མཛའ་གྲོགས་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་སོགས་ཐད་ལས་དོན་འབོར་ཆེན་བསྒྲུབས་པ་དང་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།
          སུན་ཁྲུན་ལན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་གལ་ཆེན་དང་བླང་བྱ་ཁ་གསལ་བཏོན་ཡོད། རྒྱལ་ཡོངས་ཆོས་ལུགས་ལས་རིགས་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། ཁྲིམས་སྐྱོང་གི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་རང་རྟོགས་ངང་ཆོས་ལུགས་བྱེད་སྒོ་སྤེལ་བ། ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་ཆོས་ལུགས་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་བཅས་བྱེད་དགོས། ཆོས་ལུགས་ཀྱི་བསྟན་དོན་དང་སྡོམ་ཁྲིམས་ནང་གི་དུས་རབས་ཡར་ཐོན་གྱི་བླང་བྱ་དང་འཚམ་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་སྔོག་འདོན་གཏིང་ཟབ་བྱེད་པ་དང་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་ཐབས་ལམ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་། རིག་གནས་དར་རྒྱས། སྤྱི་ཚོགས་ཞི་མཐུན་སོགས་ལ་སྐུལ་འདེད་གཏོང་བའི་ཐད་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་དེ་བས་ལེགས་པའི་ངང་འདོན་སྤེལ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
         སུན་ཁྲུན་ལན་གྱིས་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་དང་སློབ་གྲྭ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱི་དོ་དམ་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུར་དམིགས་ནས་རྩ་འཛུགས་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། ཤེས་ལྡན་མི་སྣའི་འཛུགས་སྐྱོང་བཅས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ལྷག་པར་དུ་གཞོན་དར་ཆོས་ལུགས་ལས་དོན་མི་སྣ་གསོ་སྐྱོང་བྱ་རྒྱུར་འབད་བརྩོན་ཆེན་པོ་བྱས་ཏེ་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་མཐོ་བ། ཀུན་སྤྱོད་ཐད་དང་ལེན་ཞུ་ཐུབ་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་ཆོས་ལུགས་ལས་དོན་པའི་དཔུང་ཁག་ཅིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཁྲོན་དབྱིན་དང་། ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་རེན་ཧྥ་རུང་། ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཁྲེན་ཀོང་ཡོན། ཀྲུང་གོ་གནམ་བདག་ཆོས་ལུགས་རྒྱལ་གཅེས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཕང་ཤིན་ཡའོ། ཆོས་དཔོན་གཙོ་བོའི་ཚོགས་པའི་ཀྲུའུ་ཞི་མཱ་དབྱིང་ལིན་སོགས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཆོས་ལུགས་ཚོགས་པ་ཁག་གི་འགན་འཁུར་བས་ཆོས་ལུགས་གྲུབ་མཐའ་ཁག་གིས་ངེས་པར་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་ཆོས་ལུགས་ཚོགས་པའི་རང་ངོས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ཐོག་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། རང་ཚུགས་དང་། རང་བརྟེན། རང་གཉེར་བཅས་ཀྱི་རྩ་དོན་ལ་གཡོ་འགུལ་མི་གཏོང་རྒྱུའི་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་པར་བྱེད་པའི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།