མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་09ཉིན། 16:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་7ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་སྲིད་འཛིན་ཞིབ་མཆན་འགོད་པའི་བྱེད་ཐབས་ཚད་ལྡན་དང་ལེགས་སུ་གཏོང་བ་དང་སྲིད་གཞུང་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་དང་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་རྒྱུ་གཏན་འཁེལ་བྱས་པ་དང་། སློབ་གསོའི་བཅའ་ཁྲིམས་ཀྱི་བཟོ་བཅོས་མ་ཟིན་གྱི་འཆར་ཟིན་ཁག་གཅིག་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་རེད།
     སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དགོས་མཁོར་གཞིགས་ནས་ཚོགས་འདུའི་ཐོག་སློབ་གསོའི་བཅའ་ཁྲིམས་དང་། མཐོ་རིམ་སློབ་གསོའི་བཅའ་ཁྲིམས། དམངས་བཙུགས་སློབ་གསོའི་སྐུལ་འདེད་བཅའ་ཁྲིམས་བཅས་ལ་བཟོ་བཅོས་རབ་དང་རིམ་པ་བྱས་པའི་བཟོ་བཅོས་མ་ཟིན་གྱི་འཆར་ཟིན་ལ་གྲོས་འཆམ་བྱུང་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད། འཆར་ཟིན་ནང་དེང་རབས་རྒྱལ་དམངས་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་གཏོང་བ་སོགས་གཞི་རྩའི་ལམ་ལུགས་སྐོར་གྱི་གཏན་འབེབས་མང་དུ་བཏང་བ་དང་། མཐོ་སློབ་འཛུགས་པའི་ཞིབ་མཆན་དང་། འགྲོ་གྲོན་གཏོང་བ་སོགས་ཀྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་བ། མཐོ་སློབ་འཛུགས་པའི་ཞིབ་མཆན་འགོད་དབང་ཁག་གཅིག་ཞིང་ཆེན་རིམ་པའི་སྲིད་གཞུང་ལ་སྤྲད་ནས་རིག་གཞུང་ཨུ་ལྷན་གྱིས་རིག་གཞུང་རྩོད་གླེང་དང་། རིག་གཞུང་ཡང་དག་མིན་པ་སོགས་ཀྱི་བྱེད་སྤྱོད་ལ་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་ཁར་དམངས་བཙུགས་སློབ་གྲྭར་རིགས་དབྱེ་ནས་དོ་དམ་དང་། ཁེ་གཉེར་རང་བཞིན་གྱི་དམངས་བཙུགས་སློབ་གྲྭ་འཛུགས་ཆོག་པ་དང་དུས་མཚུངས་ཁྲིམས་འགལ་ངང་སློབ་མ་བསྡུ་བ་དང་། རྒྱལ་ཁབ་སློབ་གསོའི་ཡིག་རྒྱུགས་ནང་གཡོ་ལས་བྱེད་པ། སློབ་མའི་ལག་ཁྱེར་རྫུས་མ་བཟོ་བ་དང་འཚོང་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ་དང་འགན་འཁུར་མི་སྣའི་འགན་འཁྲི་བདའ་འདེད་ནན་ཏན་གཏོང་བ་བཅས་གསལ་བཏོན་བྱས་ཡོད་པ་རེད།