འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོར་རང་རྒྱལ་གྱི་རིན་གོང་སྒྱུར་བཅོས་མགྱོགས་སུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་09ཉིན། 15:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་7ཉིན་གསར་འགོད་པས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། འདི་ལོར་རང་རྒྱལ་གྱིས་རིན་གོང་སྒྱུར་བཅོས་མགྱོགས་སུ་བཏང་ནས་རིན་གོང་ཁག་གཅིག་སླར་ཡང་ལྷུག་གཏོང་དང་རིན་གོང་གཏན་འཁེལ་དབང་ཚད་ཁག་གཅིག་གཤམ་སྤྲོད་བྱས་ཏེ་སྲིད་གཞུང་གི་རིན་གོང་གཏན་འཁེལ་གྱི་དཀར་ཆག་མགྱོགས་མྱུར་བཟོ་བཅོས་རྒྱག་རྒྱུ་ཡིན་པ་རེད།
         ལོ་གསར་པ་འཆར་བའི་སྐབས་སུ་འཕེལ་སྒྱུར་ཨུ་ལྷན་གྱིས་རྡོ་ཐ་ཉོ་སྒྲུབ་ཀྱི་རིན་གོང་དང་། འགྲན་རྩོད་ཀྱི་ཆ་རྐྱེན་ལྡན་པའི་ལྕགས་ལམ་སྐྱེལ་འདྲེན་གྱི་རིན་གོང་། རྒྱལ་ནང་དམངས་སྤྱོད་མཁའ་འགྲུལ་ཟོག་འདྲེན་རིན་གོང་། དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་རིན་གོང་། གྲུ་ཁའི་འགྲན་རྩོད་རང་བཞིན་གྱི་ཞབས་ཞུའི་གྲོན་བསྡུ་སོགས་ཚོང་ཟོག་དང་ཞབས་ཞུའི་རིན་གོང་བཞི་ལྷུག་གཏོང་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་ས་གནས་ལ་ས་ཁང་བདག་ཁོངས་ཀྱི་བར་ཁེ་བའི་ཞབས་ཞུ་དང་། འགན་ལེན་རང་བཞིན་མིན་པའི་སྡོད་ཁང་གི་སྡེ་ལས་ཞབས་ཞུ། སྡོད་ཁང་ཁུལ་ཆུང་གི་རླངས་འཁོར་འཇོག་སའི་ཞབས་ཞུ་བཅས་ཚོང་ཟོག་དང་ཞབས་ཞུའི་རིན་གོང་ཁག་དགུ་ཡོངས་བསྒྲགས་བྱ་རྒྱུར་ཁྲིད་སྟོན་བྱས་པ་དེ་ཐོག་ནས་2015ལོའི་རིན་གོང་སྒྱུར་བཅོས་བྱེད་འགོ་ཚུགས་པ་མཚོན་ཡོད།
         འཕེལ་སྒྱུར་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོར་རང་རྒྱལ་གྱིས་ད་དུང་སླར་ཡང་ཁག་གཉིས་ལ་བགོས་ཏེ་རིན་གོང་མང་པོ་ལྷུག་གཏོང་བྱ་རྒྱུའི་ནང་སྨན་གྱི་རིན་གོང་དང་། སྨན་བཅོས་ཞབས་ཞུའི་རིན་གོང་། གློག་རིན་སོགས་སྒྱུར་བཅོས་ཀྱི་གྲས་སུ་ཚུད་ཡོད།
         འདི་ལོའི་རིན་གོང་སྒྱུར་བཅོས་ཐད་སྲིད་གཞུང་གིས་རིན་གོང་གཏན་འཁེལ་བྱེད་པའི་ཁྱབ་རྒྱ་ཆུང་དུ་གཏོང་གང་ཐུབ་བྱེད་པ་དང་། རིན་གོང་གཏན་འཁེལ་གྱི་ལམ་སྲོལ་གྱི་སྒྲིག་སྲོལ་ལ་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། ཡོངས་བསྒྲགས་ཁ་གསལ་ཡོང་བ་བཅས་མཐའ་འཁྱོངས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།