འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲིང་རིམ་དོ་དམ་ལས་བྱེད་པ་68གནས་དབྱུང་བཏང་བ་དང་མི་30ཁྲིམས་འཛིན་
    ལས་ཁུངས་ལ་རྩིས་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་09ཉིན། 15:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་སྒྲིག་འགལ་ཁྲིམས་འགལ་གྱི་དོགས་གཞི་ཡོད་པའི་འབྲིང་རིམ་དོ་དམ་ལས་བྱེད་པར་གྱོད་ཐག་བཅད་པ་དང་གྱོད་དོན་ཐོ་འགོད་ཀྱིས་འདྲི་ཞིབ་བྱེད་བཞིན་པའི་མི་68ནང་ཀྲོའུ་ཡུང་ཁང་དང་། ཅང་ཅེ་མིན། ལི་ཏུང་ཧྲེང་། ལི་ཁྲུང་ཞི། ཧྲེན་ཝུའེ་ཁྲེན་སོགས་ཉེས་གསོག་དོགས་ཅན་30ཁྲིམས་འཛིན་ལས་ཁུངས་སུ་རྩིས་སྤྲད་དེ་ཁྲིམས་ལྟར་ཐག་གཅོད་བྱས་ཟིན་པ་དང་། མིག་སྔར་གྱོད་དོན་ཐོ་འགོད་ཀྱིས་འདྲི་ཞིབ་བྱེད་བཞིན་པའི་གྲས་སུ་ད་དུང་ལིང་ཅི་ཧྭ་དང་སུའུ་རུང་སོགས་ཡོད་པ་རེད།
         ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུས་ཚེས་7ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྟ་ཞིབ་པུའི་པུའུ་ཀྲང་ཧོང་ཧྲུའུ་ཞན་གྱིས་གོང་གསལ་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།
         ཧོང་ཧྲུའུ་ཞན་གྱིས་ད་དུང་སྨྱན་སྦྱོར་ལ་གཤམ་གྱི་གྲངས་གཞི་ཁག་གཅིག་བརྡ་ཁྱབ་བཏང་བ་སྟེ། གཅིག སྤྱོད་ཚུལ་ལ་དམ་འཛིན་ནན་པོ་བྱེད་པའི་ཐད། 2014ལོར་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁྱོན་53085ཞིབ་བཤེར་ཐག་གཅོད་བྱུང་བ་དང་མི་71748ལ་ཆད་པ་བཅད་པའི་ནང་མི་23646ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་པ་དང་། ཆབས་ཅིག་ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་33བརྡ་ཁྱབ་དང་དམར་རྗེན་དུ་ཐེངས་7བཏོན་པ་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྒྲིག་ཨུད་དང་ལྟ་ཞིབ་ཐིང(ཅུས)གིས་སྔ་རྗེས་སུ་དཔེ་མཚོན་གནད་དོན་788བརྡ་ཁྱབ་དང་དམར་རྗེན་དུ་ཐེངས་136བཏོན་པ་དང་།
         གཉིས། རྒྱལ་སྤྱིའི་ཐོག་བྲོས་སྙེག་དང་བརྐུས་ནོར་ཕྱིར་ལེན་བྱེད་པའི་ཐད། 2014ལོར་ཀྲུང་དབྱང་རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚོགས་ཆུང་གིས་རྒྱལ་སྤྱིའི་ཐོག་བྲོས་སྙེག་དང་བརྐུས་ནོར་ཕྱིར་ལེན་གཞུང་ལས་ཁང་བཙུགས་པ་དང་། རྒྱལ་སྤྱིའི་ཐོག་བྲོས་སྙེག་དང་བརྐུས་ནོར་ཕྱིར་ལེན་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་ཏང་ཡོན་དང་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་ཕྱི་རྒྱལ་དུ་བྲོས་པའི་གཞི་གྲངས་མཐིལ་བཤེར་གྱིས་མི་སྒེར་གྱི་གྱོད་གཞི་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྱོན་མི་500ལྷག་ཙམ་བྲོས་སྙེག་དང་བརྐུས་དངུལ་སྒོར་དུང་ཕྱུར་30ལྷག་ཙམ་ཚུར་བླངས་པ།
         གསུམ། སྒྲིག་ལམ་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་པའི་ཐད། 2014ལོར་ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའུ་ཡིས་ཧོ་ནན་ཅི་ཡོན་ནས་ཧྲན་ཤིས་ཅིན་ཁྲེང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཧྲན་ཤིས་ཅིན་ཁྲེང་དུམ་བུའི་ཡན་ཧུའོ་ཕུག་ལམ“3•1”གཞུང་ལམ་འགྲིམ་འགྲུལ་གྱི་ཉེན་ཡོད་དངོས་རྫས་འབར་གས་ཀྱི་ཆེས་ཚབས་ཆེའི་དོན་རྐྱེན་དང་། ཧྲང་ཧའེ་ནས་ཁུན་མིང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཧུའུ་ནན་ཧྲའོ་དབྱང་དུམ་བུའི“7•19”གཞུང་ལམ་འགྲིམ་འགྲུལ་གྱི་ཉེན་ཡོད་དངོས་རྫས་འབར་གས་ཀྱི་ཆེས་ཚབས་ཆེའི་དོན་རྐྱེན། ཅང་སུའུ་ཞིང་ཆེན་ཁུན་ཧྲན་གྲོང་ཁྱེར་ཀྲུང་རུང་ལྕགས་རིགས་བཟོས་རྫས་ཚད་ཡོད་ཀུང་སིའི“8•2”འབར་གས་ཀྱི་ཆེས་ཚབས་ཆེའི་དོན་རྐྱེན། བོད་ལྗོངས་ལྷ་སའི“8•9”གཞུང་ལམ་འགྲིམ་འགྲུལ་གྱི་ཆེས་ཚབས་ཆེའི་དོན་རྐྱེན་སོགས་ཆེས་ཚབས་ཆེའི་དོན་རྐྱེན་4ཡི་བརྟག་དཔྱད་ཐག་གཅོད་ནང་ཐད་ཀར་ཞུགས་ནས་ཁྱོན་མི་140ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་གཅོད་བྱས་པའི་ནང་ཞིང་ཆེན་རིམ་པའི་ལས་བྱེད་པ་1དང་ཐིང་རིམ་པའི་ལས་བྱེད་པ་16ཡོད་པ་དང་། མི་92ཁྲིམས་འཛིན་ལས་ཁུངས་སུ་རྩིས་སྤྲད་ཡོད། སྨྱན་སྦྱོར་ཐོག་གླེང་མང་བའི་ཧུའུ་ནན་ཞིང་ཆེན་ཧེང་ཏུང་རྫོང་ཏ་ཕུའུ་གྲོང་རྡལ་གྱི་ཁོར་ཡུག་སྦགས་བཙོག་གིས་རྐྱེན་པས་བྱིས་པ་300ལྷག་ཙམ་གྱི་ཁྲག་ནང་ཞ་ཉེ་འདུས་ཚད་ཚད་ལས་བརྒལ་བའི་གནད་དོན་ལ་སྒྲུབ་སྐུལ་དང་འགན་འཁྲི་བདའ་འདེད་བཏང་ནས་ལྟ་སྐུལ་འགན་འཛོལ་ཤོར་བའི་མི་11ལ་ཆད་པ་བཅད་པའི་ནང་མི་9ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་པ།
         བཞི། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད། 2014ལོར་རྒྱལ་ཡོངས་སུ་སྒྲིག་འགལ་ཁྲིམས་འགལ་གྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཁྱོན་1575ཞིབ་བཤེར་ཐག་གཅོད་བྱས་པའི་ནང་ཐིང་དང་ཅུས་རིམ་པའི་མི་34དང་རྫོང་དང་ཁྲུའུ་རིམ་པའི་མི་229ཡོད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།