༄༅།།རང་རྒྱལ་གྱིས་སོག་རིགས་ཀྱི་བོད་ཡིག་བསྟན་བཅོས་གཞི་རྒྱ་ཆེ་བའི་ངང་འཚོལ་ཞིབ་
དང་ལེགས་སྒྲིག་ཐེངས་དང་པོ་བྱ་རྒྱུ་ཡིན་པ།
གསར་འགྱུར་སྤེལ་དུས། 【2015ལོའི་ཟླ་ 01ཚེས་06ཉིན། 13:42】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གལ་ཆེན་པོ་སྟེ“ཡོན་རྒྱལ་རབས་དང་། མིང་རྒྱལ་རབས། ཆིན་རྒྱལ་རབས་གསུམ་སྐབས་ཀྱི་སོག་རིགས་ཀྱི་བོད་ཡིག་བསྟན་བཅོས་འཚོལ་བསྡུ་དང་། ལེགས་སྒྲིག ཞིབ་འཇུག་བཅས”བྱ་རྒྱུའི་ལས་གཞི་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད། དེའི་ཐོག་ནས་ཀྲུང་གོས་སོག་རིགས་ཀྱི་བོད་ཡིག་བསྟན་བཅོས་གཞི་རྒྱ་ཆེ་བའི་ངང་འཚོལ་ཞིབ་དང་ལེགས་སྒྲིག་ཐེངས་དང་པོ་བྱེད་པའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད།
སོག་རིགས་ཀྱི་རིག་གནས་ལོ་རྒྱུས་ཁྲོད་སོག་རིགས་ཀྱི་བླ་མ་སྐྱེས་ཆེན་གྱིས་བོད་ཡིག་ལམ་ནས་དཔེ་ཆ་རྩོམ་པའི་སྲོལ་རྒྱུན་ཡོད་པ་མ་ཟད། ལོ་རྒྱུས་ཀྱང་ཡུན་རིང་པོ་ལྡན་པ་རེད། སོག་རིགས་ཀྱི་བླ་མ་སྐྱེས་ཆེན་གྱིས་བོད་ཡིག་གི་ཐོག་ནས་དཔེ་ཆ་རྩོམ་པ་དང་རང་མི་རིགས་ཀྱི་ཕ་སྐད་ཀྱི་ཐོག་ནས་གསར་རྩོམ་བྱེད་པ་གཉིས་ཧ་ལམ་དུས་སྐབས་གཅིག་གི་སྐབས་སུ་བྱུང་ཞིང་། དུས་རབས་18པ་དང་དུས་རབས་19པ་གཉིས་ཀྱི་སྐབས་སུ་ནི་ཆེས་མང་བ་དང་ཆེས་འབུར་དུ་ཐོན་པའི་དུས་སུ་སླེབས་པ་རེད།
“ཡོན་རྒྱལ་རབས་དང་། མིང་རྒྱལ་རབས། ཆིན་རྒྱལ་རབས་གསུམ་སྐབས་ཀྱི་སོག་རིགས་ཀྱི་བོད་ཡིག་བསྟན་བཅོས་འཚོལ་བསྡུ་དང་། ལེགས་སྒྲིག ཞིབ་འཇུག་བཅས”བྱ་རྒྱུའི་ལས་གཞི་དེས་གཙོ་བོར་ཀྲུང་གོ་དང་། མོང་གོལ། ཨུ་རུ་སུ་བཅས་ཀྱི་རྒྱལ་ཁབ་ཏུ་ཡོད་པའི་ཡོན་རྒྱལ་རབས་དང་། མིང་རྒྱལ་རབས། ཆིན་རྒྱལ་རབས་གསུམ་སྐབས་ཀྱི་སོག་རིགས་ཀྱི་བོད་ཡིག་བསྟན་བཅོས་འཚོལ་བསྡུ་དང་ལེགས་སྒྲིག་བྱ་རྒྱུ་ཡིན་པ་མ་ཟད། སོག་རིགས་ཀྱི་བོད་ཡིག་བསྟན་བཅོས་ཀྱི་དཔྱད་ཡིག་མཛོད་ཁང་བསྐྲུན་རྒྱུ་ཡིན་པའི་འཆར་གཞི་ཡང་བཀོད་ཡོད་པ་རེད།
ལས་གཞི་འདིར་ནང་སོག་སློབ་ཆེན་དང་། མཚོ་སྔོན་དགེ་འོས་སློབ་ཆེན། བོད་ལྗོངས་སློབ་ཆེན་ལ་སོགས་པའི་ཀྲུང་གོའི་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ལས་ཁུངས་ཞུགས་ཡོད་པ་མ་ཟད། དབྱིན་ཇིའི་ཅན་ཆའོ་སློབ་ཆེན་དང་། མོང་གོལ་ཚན་རིག་གླིང་། མོང་གོལ་གྱི་རྒྱལ་གཉེར་སློབ་ཆེན། ཨུ་རུ་སུའི་པུ་ལི་ཡ་ཐེ་རྒྱལ་གཉེར་སློབ་ཆེན་སོགས་ཕྱི་རྒྱལ་གྱི་རིག་གཞུང་སྡེ་ཁག་དང་སློབ་གྲྭ་ཡང་ཞུགས་ཡོད་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། སོག་རིགས་ཀྱི་བོད་ཡིག་བསྟན་བཅོས་ལེགས་སྒྲིག་དང་ཞིབ་འཇུག་བྱ་རྒྱུ་འདི་ནི་ཕྱོགས་བསྡུས་ཀྱི་ཞིབ་འཇུག་ལས་གཞི་ཞིག་ཡིན་ཞིང་། ལས་གཞི་འདིས་ཚད་ལྡན་ཡིག་ཆའི་དཔྱད་གཞིའི་ཡིག་རིགས་སྲུང་སྐྱོང་དང་མྱུར་སྐྱོབ་བྱེད་ཐུབ་པ་མ་ཟད། མི་རིགས་མང་པོའི་བར་རིག་གནས་སྤེལ་རེས་བྱས་པའི་བརྒྱུད་རིམ་གྱི་བདེན་དཔང་ཡང་བྱེད་ཐུབ། གཞན་ད་དུང་མོང་གོལ་རིག་པ་དང་བོད་སོག་བར་གྱི་རིག་གནས་འབྲེལ་བ་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་ཡིག་རིགས་རྩ་ཆེན་མཁོ་འདོན་ཡང་བྱེད་ཐུབ་པས། རིག་གཞུང་གི་རིན་ཐང་དང་བཀོལ་སྤྱོད་ཀྱི་རིན་ཐང་གལ་ཆེན་པོ་ཞིག་ལྡན་པ་རེད།