འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་དཔལ་འབྱོར་ལོ་21བསྟུད་མར་གྲངས་གནས་གཉིས་འཕར་ཐུབ་པ་བྱུང་བ།

    ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་རྩིས་ལྟར་ན་སྒོར་དུང་ཕྱུར་925ཟིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 15:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2014ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་925ཟིན་པ་དེ་དུས་མཚུངས་ལས་12%འཕར་བ་དེ་ནི་1994ལོ་ཚུན་དུ་བོད་ཀྱི་དཔལ་འབྱོར་ལོ་21བསྟུད་མར་གྲངས་གནས་གཉིས་འཕར་ཐུབ་པ་བྱུང་བ་ཞིག་རེད།
         གསར་འགོད་པར་ཉེ་ཆར་འཚོག་བཞིན་ཡོད་པའི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། བསྡོམས་རྩིས་ལ་གཞིགས་ན། འདི་ལོ་བོད་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གནས་ཐང་འཕར་མའི་རིན་ཐང་སྒོར་དུང་ཕྱུར་94དང་། སྒོར་དུང་ཕྱུར་336 སྒོར་དུང་ཕྱུར་495བཅས་ཟིན་ནས་4%དང་། 13.5% 12.6%བཅས་སོ་སོར་འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་1100ཟིན་ནས་19.8%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་བསིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་323.6ཟིན་ནས་12.9%འཕར་བ་རེད།
         དེ་དང་ཆབས་ཅིག་2014ལོར་བོད་ཀྱི་དཔལ་འབྱོར་འཕར་བའི་སྤུས་ཚད་མཐོ་རུ་ཕྱིན་ནས་མྱུར་ཚད་དང་ཕན་འབྲས་དུས་མཚུངས་སུ་མཐོ་རུ་འགྲོ་ཐུབ་པ་བྱུང་ཡོད། སྔོན་རྩིས་ལྟར་ན། ཁྲལ་འབབ་སྒོར་དུང་་ཕྱུར་172དང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་120ལེགས་གྲུབ་བྱུང་ཡོད་པ་རེད། ཕྱི་ཕྱོགས་སྒོ་དབྱེ་རྒྱུན་མཐུད་ངང་རྒྱ་ཆེར་ཕྱིན་ནས་སྐྱིད་གྲོང་འགག་སྒོ་ཤར་གཏོང་ཐུབ་པ་དང་། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་གྱི་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་དང་པོ་བདེ་བླག་ངང་གཉེར་ཐུབ་པ། ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་284དང་རྣམ་གྲངས་540ཟིན་ཡོད་པ་རེད།
         བོད་ལྗོངས་ཀྱི་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་བྱུང་ཡོད་ལ་སྣོད་བཅུད་ཁོར་ཡུག་ལེགས་པོ་རྒྱུན་མཐུད་ངང་མཐའ་འཁྱོངས་ཐུབ་ཡོད་ཅིང་། འདི་ལོ་སྔོ་ལྗང་ནགས་གསོ་མུའུ་ཁྲི་100ཚད་བརྒལ་བྱུང་བ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་དང་རང་བྱུང་སྲུང་སྐྱོང་ཁུལ་དང་འདམ་ར་སྲུང་སྐྱོང་དང་སླར་གསོའི་རྣམ་གྲངས་30ལྷག་ཙམ་དོན་འཁྱོལ་བྱུང་བ་དང་། ལྗོངས་ཡོངས་ཀྱི་ཆུའི་ཁོར་ཡུག་དང་རླུང་ཁམས་ཆེ་མོའི་ཁོར་ཡུག་ལ་སྤྱིར་སྦགས་བཙོག་གང་ཡང་བྱུང་མེད། གཙང་པོ་དང་། ཆུ་བོ། མཚེའུ་བཅས་དང་དེ་བཞིན་ས་འོག་གི་ཆུའི་སྤུས་ཚད་ཆ་སྙོམས་རིམ་པ་དང་པོ་དང་གཉིས་པར་སླེབས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མཁའ་རླུང་སྤུས་ཚད་ལེགས་པོའི་ཚད་གཞིར་སླེབས་ཐུབ་པ་བྱུང་ནས་ལྷ་ས་གྲོང་ཁྱེར་འདི་ཉིད་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་དཔེ་སྟོན་གྲོང་ཁྱེར་དུ་བདམས་ཐོན་བྱུང་ཡོད་པ་རེད།
         ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱང་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྣེ་འདྲེན་གྱི་གྲས་ཤིག་ཏུ་གྱུར་ཞིང་། འབྲིའི་འོ་མའི་ལས་རིགས་དང་། བོད་སྨན་བདུད་རྩི་རྟགས་ཅན། 5100གཏེར་ཆུ་སོགས་བོད་ནས་ཐོན་པའི་ཚོང་ཟོག་ཐོན་ཚོང་གཉིས་ཀ་ཡག་པོ་བྱུང་ཡོད་པ་རེད། ལོ་འཁོར་མོར་གཞི་ཁྱོན་ལྡན་པ་ཡན་གྱི་འཐུང་ཆུའི་ཐོན་འབོར་51.2%འཕར་བ་དང་ཡུལ་སྐོར་བ་མི་ཐེངས་ཁྲི་1500ཙམ་ཟིན་ནས་20%ཡན་འཕར་ཡོད་པ་རེད།
         དཔལ་འབྱོར་མགྱོགས་མྱུར་འཕར་བ་དང་ཆབས་ཅིག་བོད་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་དེ་བས་ཤུགས་སྣོན་བརྒྱབ་སྟེ་ནོར་ཤུགས་དེ་བས་མང་བ་དམངས་འཚོའི་ཁྱབ་ཁོངས་ནང་བཏང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཐོག་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་ཧུར་ཐག་བྱས་ཡོད། 2014ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་22026ཟིན་ནས་8%འཕར་བ་དང་། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་7471ཟིན་ནས་14%འཕར་ཡོད་པ་རེད།
         གཞན་ཡང་མིག་སྔའི་བར་བོད་ཀྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་སྤྱིར་ལེགས་གྲུབ་ཟིན་ནས་ཞིང་འབྲོག་པ་དུད་ཚང་ཁྲི་46.03བདེ་འཇགས་དང་སྐྱིད་སྣང་དོད་པའི་སྡོད་ཁང་གསར་པའི་ནང་སྤོ་ཐུབ་པ་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་4.3ལྷག་ཙམ་གསར་འཕར་བྱུང་ནས་མི་ཁྲི་13དབུལ་སྒྲོལ་བརྟན་པོ་བྱུང་ཡོད། ལྷ་ས་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་ལས་གྲྭ་ལེགས་གྲུབ་ཟིན་ནས་གྲོང་མི་དུད་ཚང་ཁྲི་10.52དགུན་ཁ་དྲོ་པོ་ཞིག་སྐྱེལ་རྒྱུ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།