འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོའི་དཔྱིད་གསར་སྐྱེལ་འདྲེན་སྐབས་འགྲུལ་བཞུད་མི་ཐེངས་དུང་ཕྱུར་28.07ཟིན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་05ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2015ལོའི་དཔྱིད་གསར་སྐྱེལ་འདྲེན་སྐབས་རྒྱལ་ཡོངས་སུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་28.07ཟིན་རྒྱུ་ཡིན་པ་དེ་2014ལོ་ལས་3.4%འཕར་བ་དང་། དེའི་ནང་གཞུང་ལམ་ཐོག་མི་ཐེངས་དུང་ཕྱུར་24.2ཟིན་ནས་2.5%དང་། ལྕགས་ལམ་ཐོག་མི་ཐེངས་དུང་ཕྱུར་2.95ཟིན་ནས་10%  ཆུ་ཐོག་འགྲུལ་པ་མི་ཐེངས་ཁྲི་4430ཟིན་ནས་2%  མཁའ་ཐོག་མི་ཐེངས་ཁྲི་4750ཟིན་ནས་8%བཅས་འཕར་རྒྱུ་རེད།
         2015ལོའི་དཔྱིད་གསར་སྐྱེལ་འདྲེན་དེ་ཟླ་2ཚེས་4ནས་ཟླ་3ཚེས་15ཉིན་བར་ཡིན་པ་དང་ཁྱོན་བསྡོམས་ཉིན་40རེད། དུས་ཆེན་གོང་དུ་འགྲུལ་པ་ཕྱི་འགྲོ་བྱ་ཡུལ་གཙོ་བོ་ནི་ཀྲུའུ་ཅང་ཟུར་གསུམ་གླིང་དང་། འབྲི་ཆུའི་ཟུར་གསུམ་གླིང་། པེ་ཅིང་དང་ཐན་ཅིང་ས་ཁུལ་བཅས་ཡིན་པ་དང་དུས་ཆེན་བཏང་རྗེས་འགྲུལ་པ་ཐོན་ཡུལ་གྲོང་ཁྱེར་ནི་ཁྲུང་ཆིང་དང་། ཁྲེང་ཏུའུ། ཝུའུ་ཧན། ནན་ཁྲང་། ཧོ་ཕེ། ཕུའུ་དབྱང་སོགས་གྲོང་ཁྱེར་རེད། གྲོང་ཁྱེར་དུ་སྤྱི་སྤྱོད་རླངས་འཁོར་གཏོང་གྲངས་མང་དུ་དང་དུས་ཚོད་ཀྱང་རིང་དུ་གཏོང་རྒྱུ་ཡིན་པ་དང་ལྷག་པར་དུ་མྱུར་བགྲོད་མེ་འཁོར་བབས་ཚུགས་དང་མཚན་མོའི་སྤྱི་སྤྱོད་རླངས་འཁོར་སྐྱེལ་འདྲེན་བྱེད་ནུས་བཀོད་སྒྲིག་ཡག་པོ་བྱ་རྒྱུ་ཡིན་པ་རེད།
         དཔྱིད་གསར་སྐྱེལ་འདྲེན་གྱི་བདེ་འཇགས་འགན་ལེན་བྱ་ཆེད། ས་ཁུལ་ཁག་གིས་དཔྱིད་གསར་སྐྱེལ་འདྲེན་བདེ་འཇགས་ཞིབ་བཤེར་ཆེན་པོ་བྱས་ནས་དཔྱིད་གསར་སྐྱེལ་འདྲེན་ནང་གི་རླངས་འཁོར་དང་། གྲུ་གཟིངས། གནམ་གྲུ་བཅས་ཀྱི་ལག་རྩལ་གནས་ཚུལ་དང་དེ་བཞིན་རླངས་འཁོར་བབས་ཚུགས་དང་། གྲུ་ཁ། གནམ་ཐང་སོགས་ལ་སྒོ་ཀུན་ནས་ཞིབ་བཤེར་བྱས་ཏེ་མི་མངོན་པའི་རྐྱེན་ངན་མ་ལུས་པའི་འགན་ལེན་བྱེད་དགོས་པ་དང་། བདེ་འཇགས་ལག་རྩལ་གྱི་ཆ་རྐྱེན་གྱི་བླང་བྱ་དང་མི་མཐུན་པའི་སྐྱེལ་འདྲེན་ལག་ཆ་དང་སྒྲིག་བཀོད་དཔྱིད་གསར་སྐྱེལ་འདྲེན་ནང་གཏན་འགོག་བྱེད་པ་དང་ཁ་ལོ་བའི་ལག་ཁྱེར་གྱི་སྐར་གྲངས་12འཐེན་ཚར་བའི་ཁ་ལོ་བ་དཔྱིད་གསར་སྐྱེལ་འདྲེན་ནང་ཞུགས་རྒྱུ་གཏན་འགོག་བྱེད་པ་དང་། རིམ་པ་གསུམ་པ་མན་ཆད་ཀྱི་གཞུང་ལམ་ཐོག་འགྲུལ་སྐྱེལ་རླངས་འཁོར་གཏན་འགོག་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས། གཞུང་ལམ་སྐྱེལ་འདྲེན་ཁེ་ལས་ཀྱིས་ཐག་རིང་འགྲུལ་སྐྱེལ་རླངས་འཁོར་ཐོ་རེངས་ཆུ་ཚོད་གཉིས་པ་ནས་ལྔ་པའི་བར་རླངས་འཁོར་གཏོང་མཚམས་བཞག་ནས་ངལ་གསོ་རྒྱག་པའི་ལམ་ལུགས་ལག་ལེན་ནན་པོ་བསྟར་ནས་འགྲུལ་སྐྱེལ་བདེ་འཇགས་འགན་ལེན་བྱེད་པ་དང་། དཔྱིད་གསར་སྐྱེལ་འདྲེན་ནང་ཐོག་མར་ཞུགས་མཁན་ཁ་ལོ་བ་སྒྲིག་འཛུགས་བྱས་ནས། དུས་བཀག་གོང་དུ་གཉེར་སྐྱོང་ལམ་རྒྱུད་དང་དེ་བཞིན་ལམ་རྒྱུད་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་པ་དང་འགྲོ་ལམ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་དང་འཁོར་འཛོལ་ཐོན་མང་བའི་ལམ་དུམ་བུ་ཁོང་དུ་ཆུད་པ་བྱས་ཏེ། འགྲོ་ལམ་རྒྱུས་མངའ་མེད་པའི་དབང་གིས་འགྲིམ་འགྲུལ་ལས་འཛོལ་ཐོན་རྒྱུ་སྔོན་འགོག་བྱེད་དགོས། ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་མྱུར་ཚད་ལས་བརྒལ་བ་དང་། འགྲུལ་པ་བླུག་གྲངས་ལས་བརྒལ་བ། ངལ་དུབ་ཀྱིས་མནར་བཞིན་དུ་རླངས་འཁོར་གཏོང་བ། ཟོག་འདྲེན་རླངས་འཁོར་ནང་ཁྲིམས་འགལ་གྱིས་འགྲུལ་པ་བླུག་པ་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་ཞིབ་བཤེར་ནན་པོ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།