འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་ཙཱ་དང་སྐད་ཡིག་དམར་གསོད།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་04ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        དེ་ཡང་རང་ཅག་ས་སྒང་འདིར་འཚོ་ཞིང་གཞེས་ནས་སྐད་དར་བ་དང་རིམ་བཞིན་ཡི་གེ་བྱུང་ནས་ད་བར་ཧ་ལམ་ལོ་ངོ་༡༤༠༠ལྷག་གི་ལོ་རྒྱུས་ཡོད་ལ།   འདི་འདྲའི་དུས་ཡུན་རིང་མོའི་ནང་ང་ཚོས་རང་ཉིད་ཀྱི་སྐད་དང་ཡི་གེ་བེད་སྤྱད་ནས་རང་རྐྱ་ཐུབ་པའི་རིག་གནས་གོམས་སྲོལ་དང་།   འདུ་ཤེས་འཛིན་སྟངས་དང་།    འཚོ་བ་སྐྱེལ་སྟངས་ལ་སོགས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་སྣ་མང་བ་ཞིག་བྱུང་ཞིང་།    དེ་གོ་བར་བྱ་བའི་སྐད་དང་བརྡ་ཡང་ངེས་སྲོལ་ལྟར་རིམ་པར་ཆགས་ཡོད་ལ།   སྦྱོར་སྲོལ་དང་བརྗོད་དོན་ཐད་ཀྱང་ཅུང་གཏན་འཇགས་ཀྱི་རྣམ་པ་བྱུང་ཡོད།     ཡིན་ནའང་མི་མང་བོ་ཞིག་ཤི་ཞིང་སྐད་མང་བོ་ཞིག་རུལ་བའི་དུས་རབས་ཀྱི་སོ་ཁ་ནས་ང་ཚོའི་མི་རིགས་འདི་དང་སྐད་ཡིག་འདི་ཡང་ཉམས་པ་ཉམས་ཤིང་། 
      ཤི་བ་ཤི་ནས་ད་ལན་ངག་འཁྱལ་ལྡབ་ལྡིབ་དང་སྦྱོར་བ་འཁྱར་འཁྱོར་དུ་གྱུར་ཏེ་གང་ཡང་གཏད་སོ་མེད་པ་ལྟ་བུ་ཞིག་ཏུ་ཆགས་ཡོད་ལ། བརྡའི་སྦྱོར་སྲོལ་ཡང་རིམ་བཞིན་སོ་ཆད་ནས་ཚིག་ལྷག་མང་ཞིང་།   སྦྱོར་བ་འཆལ་བ།   བརྡའི་གོ་ལོག་མང་བ།   ལྗན་ལྗིན་དང་རལ་རུལ་ཧྲལ་ཧྲུལ་དུ་གྱུར་བའི་བརྡ་ཤི་མ་རོ་ཞིག་ང་ཚོའི་མིག་སྔར་ལྷམ་མེ་ལྷན་ནེ་ལྷང་ངེར་མངོན་འོངས་པ་འདི་ལགས་ཤིང་།   འདི་འདྲའི་བརྡ་ངན་འཆལ་བོ་ཞིག་སྤྱི་ཚོགས་སུ་རོ་ལངས་བྱས་པའི་རྒྱུ་མཚན་ནི་གཙོ་ཆེར་ལོ་ཙཱའི་གཙོས་རིག་གནས་ཀྱི་བྱེད་སྒོ་ཐ་ཆད་ཅིག་ལ་ཐུག་འདུག་གོ།
      སྤྱིར་ལོ་ཙཱ་བྱ་བ་ནི་རིག་གནས་ཕན་ཚུན་བརྗེ་རེས་ཀྱི་རྣམ་པ་ཞིག་ཏུ་ཟད་ཅིང་།    འདིའི་གསེར་ཟམ་བརྒྱུད་དེ་མི་རིགས་ཕན་ཚུན་བར་དང་རྒྱལ་ཁབ་ཕན་ཚུན་བར་རིག་གནས་འབྲེལ་འདྲིས་དང་འདོར་ལེན་བྱ་ཆོག་ནའང་།  ཁོ་བོས་གཞན་དུ་འཆད་མྱོང་བ་བཞིན་འདི་ལད་ཟློས་རིག་པའི་ཁོངས་སུ་གཏོགས་པས་ལེགས་ཉེས་ཀྱི་ཆ་ལ་མནོ་བསམ་ཞིབ་མོ་ཞིག་གཏོང་རན་འདུག
      དེང་སྐབས་རྒྱ་ནག་རིག་གནས་ཀྱི་གོམ་སྟབས་ཆེན་མོ་རང་ཅག་ཚོའི་པང་བ་རུ་སྤོས་པ་དང་བསྟུན་ནས་ང་ཚོའི་ས་ཁུལ་དག་ཏུ་རྒྱ་བོད་ཡིག་རིགས་ཐར་ཐོར་ཤེས་པ་དང་།  རྒྱ་སྐད་ལྡབ་ལྡིབ་སྨྲ་བ།   ཁོ་བོ་དང་ཁོ་བོ་འདྲ་བ་ཡིན་མིན་ཅི་རིགས་ཤིག་བྱུང་ཞིང་།  ལོ་ཙཱ་ཤེས་མིན་གང་གིས་ཀྱང་ལོ་ཙཱ་སློག་ཁུལ་གྱི་ལས་བགྱིས་ཏེ་དངོས་ཡོད་ཀྱི་ལོ་ཙཱའི་རིན་ཐང་རྩིས་མེད་དུ་བཏང་བ་ཕར་ཞོག  རང་གི་སྐད་ཡིག་གི་མར་དྲི་དང་འོ་དྲིའང་རིམ་བཞིན་གྲོང་ཁྱེར་གྱི་སྐྱག་དྲིར་སློག་སྟེ་བསྒྱུར་ནས་སྐད་ཡིག་དམར་གསོད་ཀྱི་ལས་འབའ་ཞིག་བགྱི་བཞིན་པ་འདི་ལགས། དེ་བཞིན་རྒྱའི་བརྡ་དང་སྦྱོར་བས་ཤན་ཞུགས་ནས་དུས་གསུམ་གྱི་སྦྱོར་ལུགས་དང་། བྱ་ལས་མིང་གི་རྒྱུན་ཆགས་སྦྱོར་སྟངས་དང་བཅས་པའི་བོད་རང་གི་སྐད་ཆའི་བརྡ་སྤྲོད་ལུགས་མང་བོ་ཞིག་ཉམས་ཤིང་ཉོག་ནས་ཤུལ་དུ་བོད་ཡིག་རྒྱ་ལུགས་མ་ར་མིན་ལུག་ཅིག་གཅེས་ཤིང་སྐྱོང་བཞིན་གདའ།     འདིའི་ཐད་དཔེ་མང་བོ་འཆད་མི་དགོས་ཏེ་ང་ཚོ་སྔོན་བྱོན་མཁས་པ་ཚོའི་བརྩམས་ཆོས་གླེགས་བམ་དུ་མཇལ་བའི་ཀྱི་ལེར་གོ་ནུས། 
      འདིའང་སྐད་བརྡའི་གཞན་འགྱུར་གྱི་རྣམ་པ་ཞིག་ཏུ་གོ་ན་མི་ཆོག་པ་མེད་ཀྱང་།   རྒྱ་ནག་རིག་གནས་ཀྱི་ཁོབས་ཆེན་པོའི་ཐུ་འོག་ནས་ཡིག་སྒྱུར་ལོ་ཙཱ་ཙམ་དུ་མ་ཟད།  མི་དམངས་ཕལ་བའི་ཉིན་རྒྱུན་འཚོ་བའི་ཁྲོད་ཀྱི་བརྡ་འཕྲིན་མང་བོ་ཞིག་ཀྱང་བརྙན་འཕྲིན་དང་རླུང་འཕྲིན་གང་རུང་ནས་ངག་ནས་ངག་བརྒྱུད་དེ་སློག་དགོས་པར་བརྟེན།    དེའི་རོལ་རྩེད་ཀྱི་མཚར་སྣང་དང་གཟུགས་པའི་ཉམས་འགྱུར་ལས་བྱིས་པ་ཆུང་ངུ་ནས་བཟུང་མི་རྣམས་ཀྱི་བྱ་བྱེད་དང་། གཤིས་ལུགས་དང་།   སྐད་བརྡ་ཀུན་འགྱུར་ཏེ།     མདོར་ན།    ང་ཚོའི་ཡིག་སྒྱུར་དང་ངག་སྒྱུར་ཐེ་བའི་ལོ་ཙཱའི་བྱ་བ་ཡིན་མིན་དེས་དུས་ཀྱི་རྔམ་ཁ་དང་བསྟུན་ནས་བོད་ཡིག་དང་བོད་སྐད་བརྡ་གཞན་དུ་བསྒྱུར་བར་རྐྱེན་བྱས།   བོད་ཀྱི་མི་གཤིས་དང་ཀུན་སྤྱོད།  རིག་གནས་འདུ་ཤེས་དང་བསམ་བློ་གཏོང་ཕྱོགས་ལ་སོགས་པའང་གཞན་དུ་ལོ་ཙཱ་བྱེད་བཞིན་ཡོད།  སྒོས་སུ་འདི་ལོ་ཙཱ་བྱ་བའི་དམིགས་ཡུལ་ཙམ་དུ་འགྲོ་ནའང་།   ཁ་ཕྱོགས་ནོར་ན་རང་རྐྱ་ཐུབ་པའི་མི་རིགས་འདི་གཞན་དུ་འགྱུར་ཅིང་།   སྐད་ཡིག་འདིའི་དབུགས་ཀྱི་རྒྱུ་བ་འགགས་ཏེ། རང་ཅག་ཚོ་ས་སྒང་འདིར་རོ་མེད་ཟག་མེད་དུ་ཡལ་ནས་དུར་འདེབས་དགོས་པའང་སྲིད་ལ།  འདི་འདྲའི་སྐད་ཡིག་དམར་གསོད་དང་མི་རིགས་གཞན་བསྒྱུར་གྱི་ལོ་ཙཱའི་བྱ་བ་ད་ལན་མཚམས་བཞག་ན་འགྲིག     མ་ཡིན་ན་ང་ཚོའི་སྐད་ཡིག་འདིའི་བརྡ་རིམ་བཞིན་འཁྱམ་སྟེ།  བརྡ་སྙིགས་མ་རྒྱའི་གྲིབ་མས་གོས་པ་མང་བོ་ཞིག་འཐོན་འོངས་ལ།  རང་གི་སྐད་བརྡའི་ཁྱད་ཆོས་ཀུན་ཀྱང་ཡོངས་སུ་ཉམས་སྲིད།    དེ་བས་ང་ཚོས་ལོ་ཙཱ་བྱ་བའི་གོ་རིམ་ཁྲོད་རྒྱ་བོད་ལོ་ཙཱའི་བརྡའི་ཁྱད་ཆོས་སྤྱི་སྡོམ་དང་བསྒྱུར་བྱའི་མ་ཡིག་གང་དེར་འོས་འཚམ་གྱི་སྒྱུར་ཐབས་སྤྱད་དེ་གང་ལ་གང་འཚམ་དེ་ལ་དེར་བསྟུན་གྱིས་ཚད་ངེས་ཅན་སྟེང་རྒྱའི་བརྡ་ཡི་རོ་མས་ཟིན་པར་མི་བྱ་བ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་བའི་བོད་སྐད་ཡིག་གི་མདུན་ལམ་ལ་རག་ལས་ཤིང་།   རང་ཅག་མི་རིགས་འདི་དང་རིག་གནས་འདི་ཁ་མི་འཐོར་བའི་བསྡོམ་བྱའི་ཐག་པ་ཉིད་དོ།།  
      སྤྱི་ཡོངས་ནས་ལོ་ཙཱ་ནི་སྐད་བརྡའི་བརྗེ་རེས་ཀྱི་རྣམ་པ་ཞིག་ཏུ་ཟད་པས་ཚད་ངེས་ཅན་སྟེང་ཤན་ཉུང་ངུ་ཞུགས་པ་དང་།  དུས་རབས་ཀྱི་འགྱུར་ལྡོག་གི་དབང་གིས་ང་ཚོའི་ལྟ་སྤྱོད་ཀུན་འགྱུར་བ་ནི་བདེན་དུ་ཆུག   ཡིན་ནའང་བོད་གནད་མའི་བརྡའི་སྲོལ་དང་མི་མཐུན་པའི་བོད་ཡིག་རྒྱ་ལུགས་ཅན་དང་བོད་སྐད་རྒྱ་ཚུགས་མ་ཞིག་སློག་ཅིང་བཤད་ན།  འདི་འདྲའི་ལོ་ཙཱ་བྱ་བའི་གཙོས་རིག་གནས་བྱེད་སྒོ་ནི་རང་ཅག་གི་འཕེལ་རྒྱས་རིགས་ཤིག་རེད་དམ།   ཉམས་རྒུད་ཅིག་རེད་སོམས་དང་ཤེས་སྲིད་དེ། འདི་ནི་ལོ་ཙཱའི་ཕམ་ཉེས་རིགས་ཤིག་ཏུ་མ་ཟད།  སྐད་ཡིག་དམར་གསོད་ཀྱི་ལས་ཤིག་ཏུའང་འཁུམས་ཏེ།  འདི་ལྟར་སོང་ན་བོད་སྐད་ཡིག་རིམ་བཞིན་སུམ་རྟགས་དག་ཡིག་གིས་མི་ཆུམས་ལ་དེ་ལས་འདའ་བའི་ཚུལ་མང་བོ་བྱུང་སྟེ།  སྐད་བརྡའི་རྣམ་གཞག་ཀུན་འཆོལ་ནས་རྒྱ་ཡིག་གི་བརྡའི་རོ་མས་ཟིན་པར་འགྱུར།   
      སྤྱིར་སྐད་གང་དེ་ཕར་ཡི་གེའི་རྣམ་གཞག་ལ་བསྟུན་པ་དང་།  ཡང་ཡི་གེའི་རྣམ་གཞག་དེ་ཚུར་སྐད་ལ་བསྟུན་པ་ནི་གནད་དོན་ཞིག་ཏུ་འདུག་པས་ད་དུང་ཐག་གིས་གཅོད་སྔ་ཞིང་།  གང་གང་ལ་བསྟུན་ནའང་དགེ་ཆོས་མང་བས་ཐེ་ཚོམ་ནའང་།  ང་ཚོའི་མི་རིགས་འདིའི་མིག་སྔའི་གནས་བབས་དང་ཡུལ་སྐད་འཆད་ཚུལ་སོ་སོ་བའི་དུས་བབས་ལ་གཞིགས་ནས་དུང་ཞེན་གྱི་གཏམ་ལབ་ན།  ཡུལ་སྐད་གང་ཡང་ཕར་སུམ་རྟགས་དག་གསུམ་གྱི་བརྡའི་རྣམ་གཞག་ལ་བསྟུན་པ་ལས་འོས་མེད་དེ།  ཐབས་ཀུན་གྱི་མཆོག་ཀྱང་དེ་ལས་འདའ་མེད་དོ།།  གཞན་འདི་དུང་ཞེན་རྐྱང་མའི་དབང་དུ་སོང་བ་ལས་གཞན་སྐད་དང་། རྣམ་གཞག་གི་ཐུན་མིན་ཁྱད་ཆོས་དག་ཚུར་ལེན་གྱི་སྙིང་སྟོབས་ཀྱང་ངེས་པར་བདོག་དགོས་སོ།།          
      དོན་ངོ་མ་ཡང་ལོ་ཙཱ་བྱ་བ་ནི་སྐད་ཆ་ཡག་པོ་ཞིག་གི་ལམ་ནས་རིག་གནས་བརྗེ་རེས་དང་ནང་འདྲེན་གྱི་བྱེད་སྒོ་ཞིག་རེད་ཅེས་བཤད་ན་མི་ཆོག་པ་མེད་ཅིང་། སྐད་ཆ་ངན་པ་ཞིག་ལབ་ན་དེ་ནི་གཞན་གྱི་རིག་གནས་རང་དུ་བསྒྱུར་ནས་སྤྱད་པར་འདོད་པའི་སྒེར་གཅོད་དང་སྒེར་སྡོམ་གྱི་བྱ་འགུལ་ཞིག་ཏུའང་མི་གླེང་ཐུ་མེད་ལ།   སྒྱུར་བྱེད་སྐད་ཡིག་གི་ངོས་ནས་དེ་ནི་རིག་གནས་ཧབ་བཟུང་གི་ལས་ཤིག་དང་འགྱུར་བྱའི་མ་ཡིག་གི་ངོས་ནས་གྱོང་གུད་ཅིག་སྟེ། སྐད་ཡིག་དམར་གསོད་ཀྱི་ལས་འབའ་ཞིག་གོ། དེ་ལྟར་ན་ད་ལྟའི་རྒྱ་ནག་རིག་གནས་ཀྱི་སའི་ཁྱོན་ཁེབས་པའི་དུས་རབས་ཀྱི་རླུང་ཁ་ནས་ང་ཚོས་ད་དུང་ཡང་ཉམ་ཆུང་བའི་བོད་སྐད་དང་བོད་ཡིག་འདིའི་འཕེལ་རྒྱས་གླེང་ཁུལ་གྱིས་ལུས་ཡོངས་མོན་དུག་གིས་བསླད་ནས་ལོ་ཙཱ་ཡ་མ་བརླ་བགྱིས་ཏེ་ཕལ་སྐད་གཏུབ་ཅིང་མ་ཡིག་གཉོག་སྟེ་བོད་ཡིག་བོད་སྐད་ཀྱི་མ་ཡིག་རྩ་ལག་དང་བཅས་པ་འཇོམས་པར་བྱ་བ་ནི་ཕ་གསོད་པ་ལ་རྒྱ་རྔ་རྡུང་བའི་དཔེ་རུ་མི་འགྲོ་གྲང་།  
      གཞན་བཙན་པོའི་དུས་སྐབས་ཀྱི་ལོ་ཙཱའི་གནས་ཚུལ་ལ་བལྟས་ནའང་། ཆེན་པོ་ཞིག་གླེང་མི་སྤོབས་ཀྱང་།  བརྗོད་དོན་གཅིག་པོའི་ཆ་ནས་ལབ་ནའང་གཙོ་ཆེར་སྙིང་སྟོབས་རྩ་སློག་དང་ནུས་ཤུགས་འབུར་འཇོམས་ཀྱི་ཆོས་ལུགས་རིག་གནས་ཀྱི་ཤས་ཆེ་ཞིང་།  དེ་ལོ་ཙཱ་བགྱིས་ནས་ད་གཟོད་བཙན་པོའི་རྒྱལ་རབས་སྙིང་སྟོབས་དང་བཅས་པ་འཇིག་ཅིང་། ཡ་གླིང་ཤར་རྒྱུད་ན་འགྲན་ཟླ་བྲལ་བའི་ཐུ་བྷོད་རྒྱལ་རབས་རིམ་བཞིན་ཁ་ཐོར་དུ་གྱུར་བ་རེད།  འདི་ནི་སྔ་རབས་ལོ་ཙཱའི་ནག་ཉེས་ཙམ་དུ་མི་བྲི་ཐུ་མེད་པས་ལད་ཟློས་རིག་པར་གཏོགས་པའི་ལོ་ཙཱ་ལྟ་བུའི་ལེགས་ཉེས་དང་།   འགྲིག་འཕྱུག་དང་།   བདེན་རྫུན་བཅས་ཀྱི་དབྱེ་བ་འབྱེད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་སྟེ།  མིག་སྔའི་རང་ཅག་གི་སྤྱི་ཚོགས་སུ་དེ་བས་ཀྱང་གླེང་ངེས་པ་ཞིག་ཏུ་ཟད།
      དེ་ཡང་བཙན་པོའི་སྐབས་ཀྱི་ལོ་ཙཱ་ནི་གཙོ་བོར་བརྗོད་དོན་ཐད་ནོར་བ་དང་།  དེ་ལ་དུས་བསྟུན་གྱི་གསར་བརྗེ་བྱ་མ་ནུས་པས་ང་ཚོར་ད་ལྟའི་ཕ་ཤི་མ་མེད་ཀྱི་གནས་བབས་ངན་པ་འདི་བྱུང་ཞིང་།  ད་ལན་རྗོད་བྱེད་ཐད་འཛོལ་འདུག་པས་ཆེ་ས་ནས་ལ་ལས་བོད་ལ་སྐད་གསར་བཅད་ཐེངས་བཞི་པ་བྱེད་རན་ཞེས་ཀི་འདེབས་པ་དང་། ཆུང་ས་ནས་ལོ་ཙཱའི་ཐད་བཀའ་ཡིས་གཅོད་རུང་ཞེས་ཨག་ཕྱུང་བ་གང་ཡིན་ཡང་བོད་སྐད་ཡིག་གི་བརྡའི་སྐྱེ་འཆིའི་ཐད་མནོ་བསམ་བཏང་མྱོང་བས་ན་གནས་ལུགས་དོན་དང་ལྡན་ནོ།།
      དེ་བས་ད་ལྟའི་གཞུང་ཡིག་དང་ཚན་རྩལ་ལོ་ཙཱའི་མཚོན་པའི་གཏན་ཚིགས་གཞུང་ལུགས་སྐོར་གྱི་ངེས་གཏན་གྱི་བརྡ་དང་ཐ་སྙད་འགའ་རེ་མ་གཏོགས།  རྩོམ་རིག་ལོ་ཙཱའི་མཚོན་པའི་སྒྱུ་རྩལ་ཞིང་ས་རུ་བརྗོད་བྱའི་དོན་དེ་མཚོན་བྱའི་མ་ཡིག་ཏུ་མཚོན་གང་ཐུབ་ཀྱིས་སྒྱུར་ཐབས་རབ་དང་རིམ་པ་ཞིག་སྤྱད་ཆོག་པས་མ་ཡིག་གི་བཀག་རྒྱ་དེ་འདྲ་མེད་ལ།  བོད་སྐད་གང་དེའི་བརྡའི་སྦྱོར་སྲོལ་དང་ཡང་བསྟུན་ངེས་པས་ཚད་ངེས་ཅན་སྟེང་བོད་སྐད་དང་བོད་ཡིག་དམར་གསོད་ཀྱི་ནག་ཉེས་ཀྱང་ཇེ་ངན་དུ་སོང་ན་འགྲིག་ཅིང་།  ད་ལན་གནས་དུས་གང་ནའང་བོད་ཡིག་རྒྱ་ལུགས་མ་བྲིན་ཞིང་།  དེ་སྤྱོད་བཞིན་པས་ཅི་ཞིག་གི་ཁ་དོག་ཕྱིར་སྟོན་གྱིན་ཡོད་དམ།    ཨུ་ཧུ་ཧུ།
      སྤྱིར་ལོ་ཙཱའི་སྒྱུར་ཐབས་བྱེ་བྲག་པ་དོན་སྒྱུར(意译)དང་སྒྲ་སྒྱུར(音译)ཡང་ན་ཁ་གཞན་དུ་བསྐྱོགས་ནས་རང་འགྱུར(归化)དང་གཞན་འགྱུར(异化)གང་ཡིན་ཡང་། སོ་སོར་དགེ་ཆོས་དང་ཡོན་ཏན་རེ་བདོག་སྲིད་པས་ང་ཚོས་དེ་ངོས་ཟུར་མི་འདྲ་བ་དང་བསྒྱུར་བྱ་མི་འདྲ་བ།  རྩོམ་ལུས་མི་འདྲ་བའི་ངོས་སུ་གང་ལ་ཅི་འབྱོར་དེ་ལ་དེར་བསྟུན་གྱིས་སྤྱད་དགོས་ནའང་།  གཞན་རིགས་རིག་གནས་ཀྱི་ས་ཁྱོན་ཆེ་ཞིང་། ཤུགས་དྲག་པའི་དུས་རབས་སུ་ང་ཚོས་རང་གི་ཉམ་ང་ཉག་ཕྲའི་གནས་བབས་ལ་མ་བལྟས་པར་བོད་སྐད་རྒྱའི་དྲི་མ་ཅན་དང་བོད་ཡིག་རྒྱའི་གཟིགས་རིས་ཅན་ཞིག་བཤད་ཅིང་བྲིས་ན། དེ་ནི་རང་སྲོག་རང་གིས་བཅད་པ་དང་ཁྱད་པར་ཁྱོན་ནས་མེད་པས་ང་ཚོས་སྐད་ཡིག་འདི་སྲོག་རྩར་བཅིབས་པའི་མི་རིགས་འདི་དང་།  འདིའི་དར་རྒུད་ཀྱི་ཆེད་དུ་བོད་སྐད་ཡང་དག་གཙང་མ་ཞིག་དང་།  བོད་ཡིག་འཕྲོད་མོ་བདེ་མོ་ཞིག་བཤད་ཅིང་བཀོད་པ་ནི་མིག་སྔར་རང་ཅག་གི་མདུན་དུ་ལྷག་པའི་གནད་དོན་ཆེན་མོ་ཞིག་ཡིན་ལ། ལོ་ཙཱའི་ལས་རིགས་ཁག་གི་མི་སྣ་ཚོའི་ཡིད་ལ་དམ་དུ་གཟུང་རྒྱུའི་མར་གྱི་སྙིང་བོའོ།།
      གལ་ཏེ་ང་ཚོས་ད་དུང་དུས་ཀྱི་རྔམ་ཁའི་འཕྲོར་མཐུད་ནས་ངག་ཡིག་ལོ་ཙཱ་ཡ་མ་བརླའི་བསྟན་པ་དར་བར་བགྱིས་ཏེ།  སྐད་ཡིག་ཟུར་ཕུད་དང་རྩིས་མེད་དུ་བཏང་ནས་བལྟས་བལྟས་རིག་རིག་ལ་བོད་སྐད་ཀྱི་མིང་དང་།   ཚིག་དང་།   བརྗོད་པ་གང་ཆར་ཡང་རྒྱའི་གྲིབ་མས་གོས་པར་བགྱི་བ་ནི་ལོ་ཙཱའི་ངོས་ཐད་ཀྱི་ཕམ་ཁ་རི་རབ་འདྲ་བ་ཞིག་ཏུ་མ་ཟད།  མི་རིགས་སྐད་ཡིག་དང་བཅས་པའི་རིག་གནས་དམར་གསོད་ཀྱི་ལས་འབའ་ཞིག་ཡིན་པ་ངེས་སུ་ཆུག   འདིར་ཁོ་བོས་ལོ་ཙཱའི་ནག་ཉེས་གླེང་བ་མིན་ལ། ལོ་ཙཱའི་བྱ་ཐབས་དང་རིག་གནས་ཚུར་ལེན་གྱི་སྙིང་སྟོབས་ཤིག་ལབ་པ་ཡིན།  
      ང་ཚོས་ལོ་ཙཱའི་ཆེད་དུ་ལོ་ཙཱ་བྱ་བ་མ་ཡིན་པར་མི་རིགས་རིག་གནས་དང་སྐད་ཡིག་འཕེལ་རྒྱས་ཀྱི་ཆེད་དུ་ལོ་ཙཱ་བྱ་བ་ཡིན།  དེ་བས་དེའི་བྱེད་ཐབས་དང་ལམ་ཕྱོགས་ནོར་ན་ནི་ཕན་པ་ལས་གནོད་པ་དང་། ལེགས་པ་ལས་ཉེས་པ་ཆེ་བས་དེང་གི་ལོ་ཙཱའི་བྱ་རིམ་ཡ་མ་བརླ་འདི་ནི་སྐད་ཡིག་དམར་གསོད་ཀྱི་ལས་འབའ་ཞིག་ལས་འདའ་ཐུབ་མེད་རྐྱེན་ཀུན་གྱིས་ཡིད་གཟོབ་དང་།  ལོ་ཙཱའི་ངོས་ཐད་ཀྱི་ཁ་བརྡ་མང་བོ་ད་དུང་གཞུག་ན་ཡོད།   
      དོན་ངོ་མར་འདིར་ནད་མེད་འཁུན་སྒྲ་འབྱིན་པ་མ་ཡིན་པར། མི་རིགས་སྐད་ཡིག་སྐྱེ་འཆིའི་ལས་དབང་གི་ཆེད་དུ་འོ་དོད་འབོད་པ་ཡིན།  མི་རིགས་འདིར་ཤ་ཞེན་ཆེ་ཞིང་།   འདིའི་རིགས་སུ་འབོད་པ་ཞིག་ཡིན་ན།  འདིའི་ཐད་མཉམ་པར་འཇོག་པ་ནི་བསྙོན་དུ་མེད་པའི་བྱ་ལས་ཤིག་དང་།  དུས་ཀྱིས་ང་ཚོར་སྤྱད་པའི་འོས་འགན་དུ་ལགས་ན།  ང་ཚོས་ཀྱང་སྙིང་སྟོབས་ཆེན་མོས་རང་ཅག་སྐད་ཡིག་གིས་བཏེགས་པའི་རིག་གནས་སྙིང་སྟོབས་ལ་བརྟེན་ཏེ་དུས་རབས་ཀྱི་སྔུན་ནས་ཚུགས་ཀ་ཞིག་སྟོན་རན།   དེ་ལྟར་ན་སྐད་དང་ཡིག་འདིར་གཅེས་པ་ནི་སྔོན་འགྲོའི་ལེའུ་ཐོག་མ་དེའོ།།  ༼ མཚོ་སྔོན་པོ་དྲ་བ་ལས་དྲངས་ ༽
           ལོ་ཙཱ་བརྒྱུད་སྐད་ཡིག་ཆེ་བས་ཆུང་བ་དག་གསོད་ཅིང་གཏུབ་པའི་དུས་རབས་དག་ཏུ། 
          གཤིན་ས་ན་འོ་དོད་འབོད་ཀྱིན་པའི་མ་མའི་སྐད་ཡིག་གི་སྐྱེ་འཆིའི་མགྲིན་ཚབ་ཏུ།
          ཡང་གསང་ངམ་སྨྱུག་མིང་དུ་མཇུག་མར་འབོད་པས་བྲིས།
      

    ཕྱོགས་བསྡུས་གསར་འགྱུར།