མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་ཏང་སྲོལ་ཡོ་བསྲང་
དང་སྲིད་དོན་གཙང་སྐྱོང་། རུལ་སུངས་ལ་ངོ་རྒོལ་བཅས་ཀྱི་ལས་དོན་ལ་
ཞིབ་འཇུག་དང་བཀོད་སྒྲིག་བྱས་པ། 

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་30ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་29ཉིན་ ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་2014ལོའི་ལས་དོན་སྙན་སེང་ཞུ་བར་ཉན་པ་དང་། 2015ལོའི་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་། རུལ་སུངས་ལ་ངོ་རྒོལ་བཅས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། ༼སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་༽དང་༼ཏང་གི་མང་ཚོགས་ཚོགས་པའི་ལས་དོན་སྒྲུབ་ཤུགས་ཆེར་གཏོང་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་བསམ་འཆར་༽གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
       ཚོགས་འདུའི་ཐོག་མིག་སྔར་༼སྲོལ་ངན་བཞི་༽ཡི་གནད་དོན་དང་རུལ་སུངས་སུ་འགྱུར་བའི་སྣང་ཚུལ་རྒྱ་ཡན་དུ་མཆེད་ཚུལ་ལ་བཀག་འགོག་ངེས་ཅན་བྱེད་ཐུབ་མོད། འོན་ཀྱང་ཏང་ཡོངས་ཀྱིས་ རུལ་སུངས་སུ་འགྱུར་བར་ངོ་རྒོལ་བྱེད་པའི་འཐབ་རྩོད་འདི་སྔར་བཞིན་དྲག་ཅིག་རྙོག་འཛིང་ཆེ་བ་ཡིན་པའི་གནས་བབ་ལ་ཡིད་རྣལ་དུ་ཕབ་ཅིང་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གིས་གནས་བབ་ལ་ཁ་ཚོན་བཅད་པ་དང་ལས་འགན་བཀོད་སྒྲིག་བྱས་པར་གཅིག་གྱུར་བྱས་ཏེ་གནོན་ཤུགས་ཆེན་པོ་གཏོང་ཚུལ་རྒྱུན་འཁྱོངས་བྱས་ཏེ་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་སྣང་ཚུལ་རྒྱ་ཡན་དུ་མཆེད་པར་བཀག་འགོག་རྒྱུན་མཐུད་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་སང་ལོའི་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་ལས་དོན་ཁག་དམ་འཛིན་ལེགས་པོ་བྱ་དགོས་ཞེས་ནན་བཤད་བྱས་པ་རེད། 
        ཚོགས་འདུའི་ཐོག་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་བྱེད་སྐབས་གཡུལ་ས་བརྟན་སྲུང་དང་། གྲུབ་འབྲས་སྲ་བརྟན། ཟབ་སྤེལ་བསྐྱེད་སྤེལ་བཅས་བྱ་དགོས་ཤིང་། ཏང་གི་སྒྲིག་ཁྲིམས་དམ་སྲུང་བྱ་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་ནས་སྒྲིག་ཁྲིམས་ཀྱིས་གཅུན་སྡོམ་འགྱུར་བ་མེད་པར་བྱེད་ཤུགས་ཆེར་གཏོང་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་ལུགས་སྲོལ་དམ་སྲུང་བྱ་དགོས་པ་ལས་ཏང་གི་ནང་དུ་ཤོག་ཁ་སྒྲིག་པ་དང་། ཕྱོགས་བསྒྲིགས་སྒེར་གཉེར། ངན་རུབ་ཕྱོགས་སྒྲིལ་བཅས་གཏན་ནས་བྱ་མི་རུང་ཞེས་བསྟན་པ་རེད། 
        ཚོགས་འདུའི་ཐོག་སང་ལོའི་ཟླ་1ཚེས་12ཉིན་ནས་ཚེས་14ཉིན་བར་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་སྐོང་འཚོག་བྱ་རྒྱུར་མོས་མཐུན་བྱས་པ་རེད།