འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་25ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
          མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་ཚེས་22དང་ཚེས་23ཉིན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ་དང་དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ། 2014ལོའི་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ཕྱོགས་སྡོམ་བྱས་པ། སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིབ་འཇུག་བྱས་པ། ཕྱི་ལོ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཞིང་ལས་དང་གྲོང་གསེབ་ལས་དོན་ཁྱོན་ཡོངས་ནས་བཀོད་སྒྲིག་བཅས་བྱས་པ་རེད།
           ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་ཐེངས་ཀྱི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ཚོགས་འདུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་བཅས་ཀྱིས་ད་ཐེངས་ཀྱི་ཚོགས་འདུ་ཡག་པོ་འཚོག་རྒྱུ་དང་། ཕྱི་ལོའི་ཞིང་ལས་དང་གྲོང་གསེབ་ལས་དོན་ཡག་པོ་སྒྲུབ་ཆེད་བླང་བྱ་གསལ་པོ་བཏོན་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་འདུར་ཕེབས་ཡོད་པ་རེད།
           ཚོགས་འདུའི་ཐོག་འདི་ལོ་ནས་བཟུང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་འགོ་ཁྲིད་འོག་ཏང་ཡོངས་དང་རྒྱལ་ཡོངས་གོང་འོག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་འབྲུ་རིགས་ཐོན་འབབ་ལོ་བཅུ་གཅིག་བསྟུད་མར་འཕར་བ་དང་ཞིང་པའི་འབབ་འཕར་ལོ་བཅུ་གཅིག་བསྟུད་མར་མགྱོགས་སུ་ཕྱིན་ནས་གྲོང་གསེབ་ཀྱི་དམངས་འཚོ་ལེགས་གཏོང་ཐད་འཕེལ་རིམ་གལ་ཆེན་བྱུང་བ་དང། གྲོང་གསེབ་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ། གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་བྱུང་ནས་ཁྱོན་ཡོངས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་འདེགས་སྐྱོར་མཁོ་འདོན་དང་གདིང་ཤུགས་ཆེ་རུ་བཏང་ཡོད་ཅེས་བསྟན་པ་རེད།
          ཚོགས་འདུའི་ཐོག་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ཆ་རྐྱེན་འགྱུར་ལྡོག་དང་ཡུན་རིང་རགས་ལས་རྣམ་པའི་གཉེར་སྐྱོང་གིས་རྐྱེན་པའི་འགལ་ཟླ་རིམ་བཞིན་མངོན་པ་དང་སྦྲགས་ཞིང་ལས་རྒྱུན་སྲིང་ངང་བརྟན་ལྷིང་དང་འཕེལ་རྒྱས་གཏོང་བར་སྔར་ན་མེད་པའི་འགྲན་སློང་འཕྲད་ཡོད།
           མིག་སྔར་རྒྱལ་ནང་གི་ཞིང་ལས་ཐོན་ཟོག་གཙོ་བོའི་རིན་གོང་དེ་ནང་འདྲེན་རིན་གོང་ལས་མཐོ་བ་ཡོད་པ་དང་དེས་ན་ཐོན་སྐྱེད་མ་གནས་ཀྱང་ཟམ་མི་ཆད་པར་མཐོ་རུ་འགྲོ་གི་ཡོད། ཞིང་ལས་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པ་དང་། རྨོ་ཞིང་དང་ཚྭ་མེད་ཆུ་སོགས་ཀྱི་ཐོན་ཁུངས་དཀོན་པོ་ཡོད། ངེས་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་བླང་བྱ་གཞིར་བཟུང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་ཞིང་ལས་དེང་རབས་ཅན་གྱི་ལམ་བུ་གསར་པའི་ཐོག་བསྐྱོད་དེ་ཞིང་ལས་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་བ་དང་ས་ཞིང་གི་ཐོན་འབབ་དང་། ཐོན་ཁུངས་བེད་སྤྱོད་བྱེད་ཚད། ངལ་རྩོལ་ཐོན་སྐྱེད་བྱེད་ཕྱོད་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་ནས་ལེགས་བསྡུས་ཞིབ་གཉེར་གྱི་འཕེལ་རྒྱས་དང་རྒྱུན་སྲིང་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
           ཚོགས་འདུའི་ཐོག་ཞིང་ལས་དེང་རབས་ཅན་ནི་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་རྨང་གཞི་དང་འདེགས་སྐྱོར་ཡིན་ཞིང་། མིག་སྔར་སྔར་བཞིན་མངོན་གསལ་དོད་པའི་ཞན་ཆ་ཞིག་ཡིན་པ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པར་བྱེད་པའི་གཙོ་གནད་དང་དཀའ་གནད་དེ་སྔར་བཞིན་གྲོང་གསེབ་ཏུ་ཡོད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་པར་སླེབས་པ་དང་ཞིང་ལས་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དེ་བརྟན་པོའི་ངང་འཕར་བ་དང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ་བཅས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ཚོགས་སྤྱི་ཆེ་ཤོས་ཡིན་པའི་ཞིང་པའི་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་བྱས་ཚེ་འཛད་སྤྱོད་ཀྱི་རྨང་གཞིའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་ཐུབ་པ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་རྗེས་ལུས་ཐེབས་པ་དེས་མ་འཇོག་འཕར་བའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད། བར་སྟོང་དེ་ཡག་པོ་སྤྱད་ཚེ་མ་འཇོག་གི་འགག་རྩའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་ཐུབ། ཞིང་ལས་ཐོན་ལས་ཆེ་རུ་དང་སྟོབས་ཆེར་བཏང་ཚེ་ཐོན་ལས་གསར་པ་དང་། ལས་རིགས་གསར་པ། དཔེ་དབྱིབས་གསར་པ་བཅས་མང་པོ་ཞིག་ཆགས་ནས་དཔལ་འབྱོར་འཕར་གཞི་གསར་པ་སྐྱེད་སྲིང་ཐུབ་པ་བཅས་བསྟན་པ་རེད།
            ཚོགས་འདུའི་ཐོག་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་འབྲུ་རིགས་གཞི་རྩའི་ཆ་ནས་རང་ཁ་རང་གསོ་ཐུབ་པ་དང་ཟ་འབྲུ་རྦད་དེ་བདེ་འཇགས་ཡིན་པ་བྱེད་དགོས། ལམ་སྲོལ་གསར་གཏོད་དང་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ལས་དོན་ཁག་ཡག་པོ་སྒྲུབ་དགོས་ཤིང་། གཅིག་ནས་ཞིང་ལས་ཐོན་ལས་ཅན་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། གཉིས་ནས་རྣམ་པ་སྣ་ཚོགས་ཀྱི་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་འཕེལ་རྒྱས་ཧུར་ཐག་གཏོང་བ། གསུམ་ནས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་མཐུན་འཕྲོད་ཀྱི་ཞིང་ལས་འཛུགས་སྐྲུན་བྱེད་པ། བཞི་ནས་ཞིང་ལས་སྲིད་ཇུས་དང་མ་དངུལ་་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
           ཚོགས་འདུའི་ཐོག་༼གྲོང་གསེབ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཞིང་ལས་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ་ཞིག(གྲོས་བསྡུར་མ་ཟིན)༽ལ་གྲོས་བསྡུར་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་གནང་བ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཚན་རྩལ་པུའུ། ནོར་སྲིད་པུའུ། ཆུ་བེད་པུའུ། ཞིང་ལས་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། རྒྱལ་ཁབ་ནགས་ལས་ཅུས། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་བཅས་ཀྱི་འགན་ཁུར་བས་ཚོགས་ཆེན་ཐོག་སྤེལ་རེས་གཏམ་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།