འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་ལྗོངས་བོད་ཀྱི་སྒྱུ་རྩལ་ཞིབ་འཇུག་གླིང་པེ་ཅིང་དུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་24ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས20ཉིན། གངས་ལྗོངས་བོད་ཀྱི་སྒྱུ་རྩལ་ཞིབ་འཇུག་གླིང་པེ་ཅིང་དུ་གསར་ཏུ་བཙུགས་པ་རེད། སྐབས་དང་པོ་དེ་༼བོད་རྒྱ་མི་རིགས་མཐུན་སྒྲིལ་གྱིས་བོད་རྒྱའི་རིག་གནས་སྒྱུ་རྩལ་བརྗེ་རེས་ལ་ཡར་སྐུལ་གཏོང་བ་༽ཞེས་པ་བརྗོད་གཞི་བྱས་པའི་བོད་རྒྱའི་སྒྱུ་རྩལ་བརྗེ་རེས་ཀྱི་ཡིག་རིས་མཛེས་རྩལ་འགྲེལ་སྟོན་དང་མཉམ་པོར་སྤེལ་ཅིང་། དེར་ཡིག་གཟུགས་དང་རི་མོ། རྫ་དཀར་ཐང་ག སི་ཁྲོན་གྱི་གོས་ཐང་། བྱང་ཆུབ་ཤིང་གི་ལོ་མར་བྲིས་པའི་ལོ་མའི་རྩ་རིས་སོགས་བརྩམས་ཆོས་300ལྷག་འགྲེམས་པ་རེད། 
          གངས་ལྗོངས་བོད་ཀྱི་སྒྱུ་རྩལ་ཞིབ་འཇུག་གླིང་ནི་ཀྲུང་གོ་གྲངས་ཉུང་མི་རིགས་རིག་གནས་སྲུང་སྐྱོབ་མཐུན་ཚོགས་དང་། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཐེན་ལི་རིག་གནས་སྨྱན་སྦྱོར་བརྒྱུད་སྒྲོག་ཚོགས་པ་བཅས་ནས་རྒྱབ་སྐྱོར་གནང་སྟེ་གསར་ཏུ་བཙུགས་པ་རེད། ཐེན་ལི་ཚོགས་པའི་སྤྱིའི་བདག་གཉེར་པ་ཀྲིང་ཡུས་ཕིང་གིས་བཤད་རྒྱུར། གངས་ལྗོངས་བོད་ཀྱི་སྒྱུ་རྩལ་ཞིབ་འཇུག་གླིང་གིས་བོད་ལྗོངས་བརྗོད་གཞི་དང་སྤྱི་ཕན་དགོངས་དོན་དུ་བཞག་ཅིང་མཉམ་འདྲེས་ཐབས་ཤེས་སུ་སྤྱད་དེ། རྩ་འཛུགས་བརྒྱུད་སྒྱུ་རྩལ་པའི་དམངས་གཞས་འཚོལ་བསྡུལ་དང་ལྟ་སྦྱོང་། གསར་རྩོམ། བརྗེ་རེས་བྱས་ཏེ་མཛེས་པའི་བོད་ལྗོངས་མཚོན་པའི་ཡིག་རིས་མཛེས་རྩལ་མང་པོ་གསར་རྩོམ་དང་། བོད་རྒྱའི་རིག་གནས་འབྲེལ་འདྲིས་ཁྱབ་གདལ་དང་བོད་རྒྱའི་སྒྱུ་རྩལ་ཞིབ་འཇུག་དང་གསར་རྩོམ། བརྗེ་རེས་ཀྱི་སྟེགས་བུ་མཐོ་གྲས་ཤིག་བསྐྲུན་ཏེ། ཀྲུང་གོའི་མི་རིགས་སྒྱུ་རྩལ་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བར་ནུས་ཤུགས་གང་ལེགས་འདོན་དགོས་ཞེས་བརྗོད་འདུག
          རྒྱུས་ལོན་པ་ལྟར་ན། གངས་ལྗོངས་བོད་ཀྱི་སྒྱུ་རྩལ་ཞིབ་འཇུག་གླིང་གི་གླིང་གཙོ་ཐོག་མའི་འགན་ཀྲུང་གོའི་ཚན་རིག་པ་མཛེས་རྩལ་གླིང་གི་གླིང་གཙོ་ཧོ་ཨའེ་ཕིང་ནས་འཁུར་ཅིང་། ཀྲང་མིང་གིས་རྒྱུན་ལས་གླིང་གཙོ་གཞོན་པ་དང་། ཀྲང་ཝེ་ཀྲུན་དང་ཝུའུ་ཧའེ་ལུང་གཉིས་ནས་གླིང་གཙོ་གཞོན་པ། གྲྭ་བཙུན་རི་མོ་བ་ཅུའེ་རན་ལགས་སྒྱུ་རྩལ་བློ་འདོན་པ། ཀྲང་ལིའུ་ཁྲེང་དང་ལི་ཆིང་ཧྥུ། མཱ་ཝེ་ཏིང་། ཀྲའོ་ཞའོ་ཧྲི། ཧོ་ཨེར་རྨིན། ཧྲེན་ཅ་ཁྲུང་སོགས་སྒྱུ་རྩལ་པ་རྣམས་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཐོག་མ་དང་། ཉིའུ་ཅི་ཧྥེ་ཡིས་དྲུང་ཡིག་ཆེན་མོའི་འགན་ཁུར་བ་རེད། 
          རྒྱུས་ལོན་པ་ལྟར་ན། སྒྱུ་རྩལ་པ་བརྒྱ་ཕྲག་ལྷག་དང་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་དག་གསར་འཛུགས་མཛད་སྒོར་ཞུགས་པ་མ་ཟད་ཡིག་རིས་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་སྐབས་དང་པོར་གཟིགས་སྐོར་ཏུ་ཕེབས་པ་རེད། ཐེངས་འདིའི་འགྲེམ་སྟོན་བརྩམས་ཆོས་སྐོར་ཅིག་མུ་མཐུད་ནས་བོད་ལྗོངས་སུ་འགྲེམ་སྟོན་བྱ་རྩིས་ཡོད་ལ། ད་དུང་སྐབས་དང་བསྟུན་ནས་ཕྱིར་འཚོང་བྱས་ཏེ་དེའི་ཡོང་འབབ་ཀྱིས་བོད་ལྗོངས་དང་ནུབ་རྒྱུད་དབུལ་ཕོངས་ས་ཁུལ་གྱི་མི་རིགས་སློབ་གསོ་ལས་དོན་ལ་རོགས་སྐྱོར་བྱ་རྩིས་ཡོད་པ་རེད། ༼མཚོ་སྔོན་པོ་དྲ་བ་ལས།༽
      

    ཕྱོགས་བསྡུས་གསར་འགྱུར།