འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼གནས་བབ་གསར་པའི་འོག་
    མི་རིགས་ལས་དོན་སྒྲུབ་ཤུགས་ཆེར་གཏོང་དང་ལེགས་བཅོས་བྱ་རྒྱུའི་
    སྐོར་གྱི་བསམ་འཆར་༽དཔར་འགྲེམས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་23ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼གནས་བབ་གསར་པའི་འོག་མི་རིགས་ལས་དོན་སྒྲུབ་ཤུགས་ཆེར་གཏོང་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་བསམ་འཆར་༽དཔར་འགྲེམས་བྱས་ཤིང་། ༼བསམ་འཆར་༽གྱི་ནང་དུ་མི་རིགས་ལས་དོན་གྱི་འགོ་ཁྲིད་སྒྲིག་སྲོལ་དང་ལས་སྒྲུབ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། ལས་བྱེད་པ་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་ཤུགས་ཆེན་དང་། འདེམས་སྒྲུག་བློ་ཁོག་ཆེན་པོ། ཡིད་ཆེས་གང་ལེགས། བློ་རྒྱ་ཆེན་པོས་བཀོལ་སྤྱོད་བཅས་བྱ་དགོས་པ་དང་། མི་རིགས་ས་ཁུལ་དུ་ལས་ཀ་ཡུན་རིང་བྱེད་པའི་རྒྱ་རིགས་ལས་བྱེད་པ་གསོ་སྐྱོང་བྱས་ནས་ལས་བྱེད་པའི་དཔུང་ཁག་གི་གྲུབ་ཚུལ་ལུགས་མཐུན་ཡོང་བར་མཐའ་འཁྱོངས་བྱ་དགོས། ཕུལ་བྱུང་ཤེས་ཡོན་ཅན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་དགོས་ཤིང་། མི་རིགས་ས་ཁུལ་གྱི་ཤེས་ཡོན་ཅན་སྤྱི་དང་ལྷག་པར་དུ་གྲུང་ཉུང་མི་རིགས་ཀྱི་ཤེས་ཡོན་ཅན་རྐང་འཛིན་པ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱ་དགོས། གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་པ་རེད།
            ༼བསམ་འཆར་༽གྱི་ནང་ཀྲུང་ཧྭའི་མི་རིགས་ཐུན་མོང་རྩ་འཛུགས་ཡིན་པའི་འདུ་ཤེས་གསོ་སྐྱོང་ཧུར་ཐག་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་གོ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་དུ་གསར་འཛུགས་བྱས་པའི་རྒྱལ་ཁབ་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་ནང་དུ་མི་རིགས་56གི་རིག་གནས་འདུས་པ་དང་། ཀྲུང་ཧྭའི་ཤེས་རིག་ནི་མི་རིགས་ཁག་གིས་ཐུན་མོང་དུ་གསར་སྐྲུན་བྱས་པའི་ཤེས་རིག་ཡིན་པ། ཀྲུང་ཧྭ་མི་རིགས་ནི་མི་རིགས་ཁག་ཐུན་མོང་ལ་དབང་བའི་ཁྱིམ་ཚང་ཆེན་པོ་ཡིན་པ་བཅས་ཀྱི་ངོས་འཛིན་གཏིང་ཟབ་པོ་བྱ་རྒྱུའི་སྣེ་ཁྲིད་བྱས་ནས་མི་རིགས་ཁག་ནི་འོ་ཆུ་མཉམ་འདྲེས་དང་། མཆུ་སོ་བརྟེན་རེས། བདེ་སྡུག་མཉམ་མྱོང་། གཟི་བརྗིད་དང་བརྙས་བཅོས་མཉམ་མྱོང་བཅས་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་པའི་བླང་བྱ་བཏོན་པ་རེད།
            ༼བསམ་འཆར་༽གྱི་ནང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་བློ་བརྟན་འགྱུར་མེད་ཀྱིས་ཁྱབ་སྤེལ་བཏང་ནས་ཁྱོན་ཡོངས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་ཚན་སློབ་ཁྲིད་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་ནས་གྲངས་ཉུང་མི་རིགས་ཀྱི་སློབ་མ་རྣམས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཞི་རྩའི་ཐོག་ཁོང་དུ་ཆུད་པ་དང་བེད་སྤྱོད་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས་པ་དང་དུས་མཚུངས་སུ་གྲངས་ཉུང་མི་རིགས་ཀྱིས་མི་རིགས་སོ་སོའི་སྐད་ཡིག་སྤྱད་དེ་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་ལ་བརྩི་འཇོག་དང་འགན་སྲུང་བྱས་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་སློབ་གསོ་གཏོང་བའི་ཆུ་ཚད་ཟམ་མ་ཆད་པར་མཐོ་རུ་གཏོང་དགོས་པ་མ་ཟད། དགོས་གལ་ཆེ་བའི་མི་རིགས་ས་ཁུལ་དུ་སློབ་ན་མ་སོན་གོང་གི་སྐད་གཉིས་ཀྱི་སློབ་གསོ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། བརྩོན་སྐུལ་གྱི་སྲིད་ཇུས་གཏན་འབེབས་བྱས་ཏེ་དགེ་རྒན་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེར་གཏོང་དང་། སྐད་གཉིས་དགེ་རྒན་སྡུད་སྤྱོད་ལས་དོན་ལེགས་འགྲུབ་བྱས་ནས་སྐད་གཉིས་སློབ་ཁྲིད་དགེ་རྒན་གསོ་སྐྱོང་སྦྱོང་བརྡར་དང་། སློབ་ཁྲིད་ཞིབ་འཇུག  སློབ་དེབ་གསར་རྩོམ་དང་དཔེ་སྐྲུན་བཅས་བྱེད་པར་རྒྱབ་སྐྱོར་བྱ་དགོས། གྲངས་ཉུང་མི་རིགས་སྐད་ཡིག་དང་རྒྱའི་སྐད་ཡིག་གཉིས་ཀ་བྱང་ཆུབ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁོང་དུ་ཆུད་པའི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། མི་རིགས་ས་ཁུལ་དུ་ལས་ཀ་བྱེད་མཁན་རྒྱ་རིགས་ལས་བྱེད་པ་ཚོས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱ་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།